ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> དཔལ་འབྱོར་འཛུགས་སྐྲུན།
༄༅།།པདྨ་རྫོང་སྟག་མཁར་ཞང་གིས་ལྕུམ་རྩྭ་དང་གྲོ་མ་ལ་བརྟེན་ནས་མང་ཚོགས་ཕྱུག་སྒྱུར་གྱི་ལམ་བུ་བཏོད།
འབྱུང་ཁུངས།: 2016/5/31 11:58:11

 ༄༅།།པདྨ་རྫོང་སྟག་མཁར་ཞང་གིས་ལྕུམ་རྩྭ་དང་གྲོ་མ་ལ་བརྟེན་ནས་མང་ཚོགས་ཕྱུག་སྒྱུར་གྱི་ལམ་བུ་བཏོད།

    ཉེ་བའི་ལོ་འདི་གའི་རིང་ལ་པདྨ་རྫོང་སྟག་མཁར་ཞང་གིས་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དང་གནད་འཁེལ་དབུལ་སྐྱོར་སོགས་ཀྱི་རྣམ་གྲངས་ལ་ཟུང་འབྲེལ་བྱས་ཏེ།  གནས་བབ་དང་བསྟུན་ནས་ཕྱུག་སྒྱུར་གྱི་ལམ་བུ་བཙལ་ཞིང་།  ས་གནས་ཀྱི་ལྕུམ་རྩྭ་དང་གྲོ་མ་སོགས་སྨན་རྩྭ་ལ་བརྟེན་ནས་འབྲོག་དམངས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པར་ཕན་འབྲས་མངོན་གསལ་བླངས།

    རྒྱུས་ལོན་བྱས་པ་ལྟར་ན།  རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་པའི་ཟི་ལིང་ལྕུམ་རྩྭ  (ཟོག་མགོ་སེར་པོ་ཡང་ཟེར)ནི་པདྨ་རྫོང་སྟག་མཁར་ཞང་ནས་ཐོན་པ་ཡིན་ལ།  ས་དེར་མཁའ་དབུགས་བརླན་བཤེར་ལྡན་ཞིང་ཉི་འོད་ཕོག་པ་བཟང་བ་དང་།  ཆར་ཆུ་མོད་པས་ལྕུམ་རྩྭ་སྐྱེས་བར་མཐུན་རྐྱེན་ལེགས་པོ་འཛོམས་ཡོད།  དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་ནས་དགུ་བཅུའི་བར་དུ།  པདྨའི་ལྕུམ་རྩྭ་ནི་ཕྱིར་འཚོང་གི་ཐོན་རྫས་གཙོ་བོ་ཡིན་ལ།  ས་གནས་ནོར་སྲིད་ལ་ཕན་ཐོགས་ཆེན་པོ་ཡོད་མོད།  ཚད་བརྒལ་རང་བཞིན་གྱིས་བརྐོ་འདོན་བྱས་ཤིང་།བརྐོ་བ་ལས་རྨོ་འདེབས་མ་བྱས་པས།  ལྕུམ་རྩྭའི་ཐོན་ཁུངས་ཉིན་རེ་ལས་ཇེ་ཉུང་དུ་སོང་། 

    རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ལས་གཞི་བསྟུད་མར་ལག་བསྟར་བྱས་པས།  སྟག་མཁར་ཞང་རང་བྱུང་ལྕུམ་རྩྭའི་སྐྱེས་ཚད་སླར་གསོ་ཅུང་ལེགས་པོ་བྱུང་ཡོད།  རགས་རྩིས་བྱས་པ་ལྟར་ན།  མིས་རྨོ་འདེབས་བྱས་པ་བརྒྱུད་དེ།  མིག་སྔར་སྟག་མཁར་ཞང་གི་རི་སྐྱེས་ལྕུམ་རྩྭའི་ཁྱབ་རྒྱ་ཅུང་ཆེ་ཞིང་།  ཕལ་ཆེར་མུའུ་འབུམ་གཅིག་ཡོད་ལ།  ལོ་རེའི་ཐོན་ཚད་ཕལ་ཆེར་ཏུན་ལྔ་བཅུ་ནས་དྲུག་ཅུ་ཡིན།  རི་སྐྱེས་གྲོ་མའི་ཁྱབ་ཁོངས་ཕལ་ཆེར་མུའུ་འབུམ་གཉིས་ཡོད་པ་དང་།  ལོ་རེའི་ཐོན་ཚད་ཕལ་ཆེར་རྒྱ་མ་ཁྲི་གཅིག་ཡིན་པ་མ་ཟད།  གསོག་འཇོག་བྱས་ཚད་ཕལ་ཆེར་ཏུན་སུམ་ཅུ་ཡོད།  ས་གནས་ཀྱི་ཐོན་རྫས་འདི་གཉིས་ལ་གསར་སྤེལ་གྱི་མངོན་མེད་སྟོབས་ཤུགས་དང་དཔལ་འབྱོར་རིན་ཐང་ཅུང་ཆེན་པོ་ལྡན་པས།  ཉིས་སྟོང་བཅོ་ལྔ་ལོར།  རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཕྱོགས་སྟོན་རྒྱབ་སྐྱོར་འོག  སྟག་མཁར་ཞང་གིས་ཕུལ་བྱུང་གི་གྲོ་མའི་ས་བོན་ནང་འདྲེན་བྱས་ཏེ།  མུའུ་གཅིག་ལ་ཚོད་ལྟའི་རྨོ་འདེབས་བྱས་ནས་དགའ་འོས་པའི་གྲུབ་འབྲས་བླངས་ཤིང་།  ཐོན་ཚད་རྒྱ་མ་བཞི་བརྒྱ་ལ་སླེབས་པ་དང་།  ཕན་འབྲས་སྒོར་ཁྲི་གཅིག་དང་སྟོང་གཉིས་ལ་སླེབས།  མིས་གྲོ་མ་འདེབས་པ་མཐོ་སྒང་དུ་ཐོག་མར་ལེགས་འགྲུབ་བྱུང་བས།ས་རྒྱ་ཆེན་པོར་གྲོ་མ་རྨོ་འདེབས་བྱེད་པར་ཉམས་མྱོང་བླངས།

    ཁྱད་ཆོས་ལྡན་ཞིང་གནས་བབ་ལེགས་པའི་ཐོན་ལས་སྔར་ལས་རྒྱ་ཇེ་ཆེ་རུ་གཏོང་ཆེད།  སྟག་མཁར་ཞང་གིས་ཉིས་སྟོང་བཅུ་དྲུག་ལོའི་གནད་འཁེལ་དབུལ་སེལ་དམིགས་ཡུལ་དུ་བཟུང་སྟེ།  ལྕུམ་རྩྭ་དང་གྲོ་མའི་རྨོ་འདེབས་ལག་རྩལ་རྒྱ་ཆེར་སྐུལ་སྤེལ་བྱས་ནས།  ལྕུམ་རྩྭ་མུའུ་སུམ་བརྒྱ་དང་གྲོ་མ་མུའུ་བརྒྱ་དང་ལྔ་བཅུ་རྨོ་འདེབས་བྱེད་རྒྱུའི་འཆར་གཞི་བཟོས་ཡོད།  དུས་མཚུངས་སུ།  རྒྱུན་མཐུད་འཕེལ་རྒྱས་ཀྱི་ཁེ་ཕན་རྒྱུན་སྲུང་བྱེད་ཆེད།  སྟག་མཁར་ཞང་གིས་མྱུར་དུ་རོང་འབྲོག་དམངས་མཉམ་ལས་ཁང་བཙུགས་ཏེ།  མཉམ་ལས་ཁང་དང་འབྲོག་ཁྱིམ་མཉམ་བསྲེས་ཀྱི་རྣམ་པས་ལྕུམ་རྩྭ་དང་གྲོ་མ་རྨོ་འདེབས་བྱེད་པ་དང་།  དོ་དམ་ཕྱིར་འཚོང་བྱས་ནས།  འབྲོག་དམངས་མང་ཚོགས་ཀྱིས་ཕྱིར་འཚོང་བྱེད་མི་ཐུབ་པའི་སེམས་ཁུར་ཐག་གཅོད་བྱས་ལ།  སྟག་མཁར་ཞང་གི་འབྲོག་དམངས་ཕྱུག་སྒྱུར་གྱི་ལམ་བུ་གསར་དུ་བཏོད་པ་རེད།

ཡིག་སྒྱུར་བ།  ཆོས་ལོ།

 

 
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅༎ སྨར་ཁོག་ཞང་རྩེས་སྟོད་སྡེ་ 2018/11/16
· ༄༅༎ སྨར་ཁོག་ཞང་རྩེས་སྟོད་སྡེ་ 2018/11/16
· ༄༅།། ལིས་ཁི་ཆང་གིས་སིང་ག་ཕོར་ག 2018/11/14
· ༄༅།། ཞིང་ཆེན་སྲིད་གཞུང་ཏང་ཙུའུ 2018/11/14
· ༄༅།། ཧྥ་རན་སི་ཡིས་འཛམ་གླིང་འཁྲ 2018/11/14

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།