ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> ཏང་སྲིད་ཡིག་ཆ།
༄༅།།​མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ།2
འབྱུང་ཁུངས།: 2014/7/4 9:25:52

    ༄༅།།མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ།2

        (གཉིས)མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་རིགས་མགྱོགས་མྱུར་ངང་གོང་དུ་སྤེལ་ཏེ། "ཞིང་གསུམ"གྱི་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་རྒྱུ། འཇིག་རྟེན་བདེ་འཁོད་ཅིང་མི་སེམས་ལྷོད་ལ་འབབ་པའི་རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ཞིང་ཕྱུགས་ཐོན་ལས་འདི་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་བྱེད་པ་དང་། ཞིང་བསྐྱེད་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་སོ་སོ་ནན་ཏན་གྱིས་ལག་ཏུ་བསྟར་ཏེ། ཐོན་ལས་དང་པོའི་འཕར་ཐང5%འཕར་བར་བརྩོན་པ་དང་། རོང་འབྲོག་ས་ཁུལ་གྱི་འཕེལ་རྒྱས་དེ་སྐས་རིམ་གསར་བ་ཞིག་ཏུ་འཛེགས་པར་སྐུལ་འདེད་བྱེད་རྒྱུ་ཡིན།

        ཞིང་ཕྱུགས་ལས་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་སུ་གཏོང་རྒྱུ། ཐོན་སྐྱེད་དང་ཕན་འབྲས་གཉིས་ཀ་འཕར་བ་མཉམ་དུ་གཙིགས་སུ་འཛིན་པ་དང་། སོན་ལེགས་དང་ཐབས་ལེགས་ཆ་འགྲིག་པ། ཞིང་པའི་ལག་རྩལ་དང་བཟོ་རྩལ་ཟུང་དུ་འབྲེལ་བ། ཐོན་སྐྱེད་དང་སྐྱེ་ཁམས་མཐུན་སྦྱོར་ཡིན་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཆུ་བེད་གཙོ་ཡིན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། ཞིང་ཕྱུགས་ལས་རིགས་ཀྱི་དངོས་པོའི་སྒྲིག་ཆས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཞིང་ཕྱུགས་ལས་རིགས་ཀྱི་ཁྱད་ལྡན་ཐོན་ལས་བསྟུད་མུར་གོང་དུ་འཕེལ་བར་སྐུལ་འདེད་བྱེད་རྒྱུ་ཡིན། འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་ཡོང་བར་བྱེད་པ་དང་། སོན་འབྲུའི་གསབ་དངུལ་མུའུ་རེར་ད་དུང་སྒོར25ཁ་སྣོན་བྱེད་རྒྱུ་ཡིན། ཞིང་འགེབས་འགྱིག་ཤོག་དང་ཆུ་ལུད་གཞི་གཅིག་ཅན་སོགས་ཀྱི་ལག་རྩལ་གོ་ཆོད་ཁྱབ་གདལ་དུ་གཏོང་བ་དང་། ཐོན་ཚད་མཐོ་བའི་རིགས་སྣ་ཕུལ་བྱུང་ཅན་གྱི་ཁྱབ་རྒྱ་ཆེར་བསྐྱེད་པ་མ་ཟད། རེས་གསར་བའི་ཚོད་སླེ་བཟོ་འགོད་ཀྱི་འཛུགས་སྐྲུན་མགྱོགས་པོར་སྤེལ་རྒྱུ་ཡིན། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གོམ་ཁ་བརྟན་པོའི་ངང་ནས་སྤེལ་བ་དང་། སྐམ་ཤ་དང་ལུག་ཤའི་ཐོན་ལས་འཕེལ་རྒྱས་འཆར་འགོད་ལག་ཏུ་བསྟར་སྟེ། སྐྱེ་ལྡན་གྱི་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་སྐོར་ཞིག་བསྐྲུན་རྒྱུ་ཡིན། ཁྱད་ལྡན་ཐོན་ལས་ཚད་ལྡན་ཅན་གྱིས་ཐོན་སྐྱེད་དང་མིང་རྟགས་ཅན་གྱིས་ཚོང་གཉེར་བྱེད་པར་སྐུལ་འདེད་བྱེད་པ་དང་། མུ་མཐུད་དུ་དེང་རབས་ཀྱི་ཞིང་ལས་དཔེ་མཚོན་ར་བའི་ཁུལ་ཕུལ་བྱུང་ཅན3ནས5བསྐྲུན་ཏེ། གཞི་ཁྱོན་དང་ཕན་འབྲས། སྤུས་ཚད་བཅས་ལ་མཐོར་འདེགས་གསར་བ་ཐོབ་པར་བྱེད་རྒྱུ་ཡིན། ཚ་རྔ་འགག་དང་སྔོ་རྒྱ་འགག་སོགས་ཀྱི་ས་ཁོངས་སུ་རྨ་ཆུ་འབབ་ཡུལ་གྱི་དེང་རབས་ཀྱི་ཆུ་གྲང་མོའི་ཉ་ལས་ཐོན་ལས་ས་རྒྱུད་བསྐྲུན་རྒྱུ་ཡིན།

        ཧུར་ཐག་གིས་ཞིང་ཕྱུགས་ལས་རིགས་གསར་བའི་བདག་གཉེར་དང་ཞབས་ཕྱི་མ་ལག་འཛུགས་སྐྱོང་བྱེད་རྒྱུ། སྣེ་འདྲེན་ཁེ་ལས་དང་རོང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་གཞི་གཅིག་ཅན་དུ་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་པ་དང་། སྡེ་དཔོན་སློབ་གྲྭ་ཆེན་མོ་བའམ་ཞིང་ལས་ལག་རྩལ་པས་མཉམ་ལས་ཁང་གཙོ་འཛུགས་དང་གསར་འཛུགས་བྱེད་པར་བསྟོད་སྐུལ་བྱས་ཏེ། ཤུགས་བསྒྲིམས་ནས་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་སྤུས་ཚད་དང་བདག་གཉེར་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཞིང་ཕྱུགས་ལས་རིགས་ཞིབ་བསྡུས་ཅན་དང་གཞི་ཁྱོན་ཅན་དང་ཐོན་ལས་ཅན་གྱི་སྒོ་ནས་གཉེར་བར་སྐུལ་ཁྲིད་བྱེད་པ་དང་། ཐོན་ལས་དང་པོ་དེ་ཐོན་ལས་གཉིས་པ་དང་གསུམ་པ་འདྲེས་ཤིང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་རྒྱུ་ཡིན། "1020"སྐྱེ་ཁམས་ཞིང་ཕྱུགས་ལས་རིགས་ཀྱི་ཚན་རྩལ་འདེགས་སྐྱོར་བཟོ་འགོད་གལ་ཆེན་མུ་མཐུད་དུ་ལག་ཏུ་བསྟར་བྱེད་པ་དང་། རྒྱལ་ཁབ་རིམ་པའི་ཞིང་སྡེ་ཆ་འཕྲིན་ཅན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། རྫོང་རིམ་པའི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཕྱི་ཚོམས་ཆེན་དང་སྡེ་བ་རིམ་པའི་ཆ་འཕྲིན་ཞབས་ཕྱི་ས་ཚིགས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། གཞི་རིམ་གྱི་ཞིང་རྩལ་ཁྱབ་གདལ་མ་ལག་དང་ཞིང་ཆེན་རིམ་པའི་ལས་སྟེགས་ཁྱོན་ཡོངས་ནས་མཐུད་པ་མངོན་འགྱུར་བྱེད་རྒྱུ་ཡིན། ཞིང་པའི་ཁྱིམ་ཚང་གིས་བདག་གཉེར་བྱེད་པ་རྨང་གཞི་དང་། མཉམ་ལས་དང་མཉམ་འབྲེལ་བྱེད་པ་སྦྲེལ་ཐག སྤྱི་ཚོགས་ཅན་གྱི་ཞབས་ཕྱི་འདེགས་སྐྱོར་བཅས་བྱས་པའི་ལངས་གཟུགས་སྣ་འདུས་ཅན་གྱི་དེང་རབས་ཞིང་ཕྱུགས་ལས་རིགས་བདག་གཉེར་མ་ལག་འཛུགས་སྐྱོང་བྱེད་རྒྱུ་ཡིན། ནུས་ཤུགས་ཡོད་རྒུ་བཏོན་ནས་དབུལ་སྐྱོར་འགག་སྒྲོལ་བྱ་བ་ལེགས་པོར་བསྒྲུབ་དགོས། དབུལ་སྐྱོར་བྱ་ཡུལ་གྱི་ལྟོ་གོས་ཐག་གཅོད་ནན་ཏན་བྱེད་པ་དང་དབུལ་ཐར་ཕྱུག་འགྱུར་མྱུར་དུ་མངོན་འགྱུར་བྱེད་པ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། གནས་ངོས་ཟུང་འབྲེལ་དང་དོན་ཐོག་དངོས་འཁྱོལ་བྱས་ཏེ། ལོ་འདིའི་ནང་དུ་དབུལ་ཕོངས་མི་གྲངས་ཁྲི20ཇེ་ཉུང་དུ་གཏོང་རྒྱུ་ཡིན། ཡོངས་ཁྱབ་གཟིགས་སྐྱོང་ཅན་གྱི་སྲིད་ཇུས་དང་དམིགས་བསལ་གཟིགས་སྐྱོང་ཅན་གྱི་སྲིད་ཇུས་ཆ་འགྲིག་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། གཅིག་འདུས་ཡུག་འབྲེལ་ཀྱི་དབུལ་སྐྱོར་སྲིད་ཇུས་ཀྱི་གོ་སྐབས་ལེགས་པོར་སྤྱད་དེ། རྒྱལ་ཁབ་ཀྱི"དབུལ་སྐྱོར་ཐད་ཀྱི་གཙོ་གནད་བྱ་བ་བཅུ"ཁྱོན་ཡོངས་ནས་དངོས་འབེབ་བྱེད་པ་དང་། "ཕྱོགས་བཞི་གཞི་གཅིག"གི་དབུལ་སྐྱོར་རྣམ་པ་ཆེན་པོ་འཛུགས་སྐྱོང་བྱེད་རྒྱུ་ཡིན། དབུལ་སྐྱོར་འགག་སྒྲོལ་ཁྲོད་དུ་རྫོང་རིམ་པའི་སྲིད་གཞུང་གི་གཙོ་གཞིའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། "རྫོང་རེར་སྲིད་ཇུས་རེ"དང"ཁྱིམ་རེར་རྣམ་པ་རེ"ཡི་བྱེད་ཐབས་སྤེལ་ཞིང་། ཡིག་ཚགས་འཛུགས་པ་དང་བྱང་བུ་བཟོ་བ་སོགས་ཀྱི་རྨང་གཞི་རང་བཞིན་གྱི་བྱ་བ་ལེགས་པོར་བསྒྲུབས་ཏེ། དབུལ་སྐྱོར་གསར་སྤེལ་གྱི་འཁྲུལ་མེད་རང་བཞིན་དང་ཕན་ཡོད་རང་བཞིན་མཐོར་འདེགས་སུ་གཏོང་རྒྱུ་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི《མགོ་ལོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་གྱིས་གོང་དུ་སྤེལ་བའི་སྐོར་གྱི་བསམ་འཆར》ཁྱོན་ཡོངས་ནས་དངོས་འབེབ་བྱེད་པ་དང་། མཚོ་སྔོན་ལྷོ་རྒྱུད་དང་། མཚོ་སྔོན་པོའི་མཐའ་འཁོར། ཤར་རྒྱུད་ས་ཁུལ་བཅས་སུ་རང་རང་གི་གནས་ཚུལ་དངོས་ལ་གཞིགས་ནས་དབུལ་སྐྱོར་གསར་སྤེལ་བྱས་ཏེ། འཕེལ་རྒྱས་ཆ་རྐྱེན་ལེགས་བཅོས་དང་ཐོན་ལས་དབུལ་སྐྱོར། ཡོང་སྒོ་འཕར་སྣོན་བཅས་ཀྱི་ཐད་དུ་ཡར་རྒྱས་སྔར་བས་ཆེན་པོ་ཐོབ་པར་བརྩོན་རྒྱུ་ཡིན། ས་བབ་བསྟུན་པ་དང་རང་ནུས་ཅི་ལྕོགས་བྱེད་པ། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཡུལ་གཞན་གནས་སྤོར་དབུལ་སྐྱོར་དེ་སྐྱེ་ཁམས་སྲུང་སྐྱོང་དང་རྨོ་སྐྱུར་ནགས་གསོ། གྲོང་རྡལ་ཆུང་བའི་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་སོགས་དང་ཟུང་འབྲེལ་བྱས་ཏེ། ཏན་ཏིག་གིས་གོ་རིམ་ལྡན་པར་བརྟན་བརླིང་ངང་སྐུལ་འདེད་བྱེད་དགོས། དབུལ་སྐྱོར་དང"རིག་སྐྱོར"ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོའི་མ་འདང་ས་ཁ་གསབ་བྱས་ཏེ། ཁྱིམ་ཚང་གི་དབུལ་ཕོངས་མི་རབས་བཞིན་དུ་བརྒྱུད་སྤྲོད་བྱེད་པ་རིམ་གྱིས་རྩ་མེད་དུ་གཏོང་རྒྱུ་ཡིན།

        (གསུམ)འཁོར་སྤྱོད་དཔལ་འབྱོར་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། བཟོ་ལས་ཀྱི་སྤུས་ཚད་ཇེ་མཐོ་དང་ཕན་འབྲས་ཇེ་ཆེར་གཏོང་བ་དང་རིམ་པ་ཡར་བསྟོད་པར་སྐུལ་འདེད་བྱེད་རྒྱུ། བློ་བརྟན་འགྱུར་མེད་ངང་བཟོ་ལས་ཅན་གསར་བ་སྤེལ་བ་དང་། བཟོ་ལས་ཆེན་པོ་བཅུའི་ཁྱད་ལྡན་ཐོན་ལས་དར་རྒྱས་སུ་གཏོང་བར་དམིགས་ནས། སྲོལ་རྒྱུན་ཐོན་ལས་མགྱོགས་མྱུར་གྱིས་བསྒྱུར་བཀོད་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མགྱོགས་མྱུར་ངང་གོང་དུ་སྤེལ་ཞིང་། བཟོ་ལས་ཅན་དང་ཆ་འཕྲིན་ཅན་གཏིང་ཟབ་ཏུ་མཉམ་འདྲེས་ཡོང་བར་ཧུར་ཐག་གིས་སྐུལ་སྤེལ་བྱས་ཏེ། བཟོ་ལས་འཕར་ཐང12%ཡན་འཕར་བར་བརྩོན་རྒྱུ་ཡིན།

        ཁེ་ལས་ཀྱི་གཙོ་སྙིང་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ། བཟོ་ལས་འཕར་སྣོན་ལ་སྐུལ་འདེད་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་གི་རོགས་སྐྱོར་མ་དངུལ་གྱི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་བྱས་ཏེ། གཙོ་བོར་ཁེ་ལས་ཀྱི་ལག་རྩལ་བཅོས་སྐྲུན་ཐད་ལ་རྒྱབ་སྐྱོར་བྱེད་པ་དང་། ཆུ་གློག་རླངས་སྐྱེལ་གྱི་རྒྱུ་རྐྱེན་གཙོ་བོ་འགན་སྲུང་བྱེད་ནུས་དང་དངུལ་རྩའི་ཡིད་རྟོན་དངུལ་བུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ་ཡིན། ཁེ་ལས་ཆུང་འབྲིང་ཕྲན་གསུམ་ཆིག་སྟོང་གསོ་སྐྱོང་བྱེད་པའི་བཟོ་འགོད་མུ་མཐུད་དུ་སྤེལ་བ་དང་། ཁེ་ལས་ཆུང་འབྲིང་གི་སྤྱི་པའི་ཞབས་ཕྱི་སྟེགས་བུའི་དྲ་བ་འཛུགས་སྐྲུན་བྱེད་མགོ་རྩོམ་རྒྱུ་ཡིན། ལོ་རེའི་ཕྱིར་འཚོང་ཡོང་སྒོ་སྒོར་དུང་ཕྱུར་ལས་བརྒལ་བའི་ཁེ་ལས་འཚར་ལོངས་ཅན་སྐོར་ཞིག་ཤུགས་བསྒྲིམས་ནས་གསོ་སྐྱོང་བྱེད་པ་དང་། གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས50འཕར་བར་བྱེད་རྒྱུ་ཡིན། ཁེ་ལས་ཀྱིས་ཁྲོམ་ར་དང་དོ་དམ། སྤུས་ཚད། མིང་རྟགས་བཅས་ཐད་དུ་ཕན་འབྲས་ལེན་པར་སྣེ་ཁྲིད་དེ། ཁེ་ལས་བརྟན་རླིང་ངང་བསྐྱར་དུ་མཐོར་འདེགས་འབྱུང་བའི་རྣམ་པ་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་ཡིན།

        ཁྱད་ཆོས་ལྡན་ཞིང་གནས་བབ་ལེགས་པའི་ཐོན་ལས་ཤུགས་ཆེན་པོས་སྤེལ་རྒྱུ། བཟོ་ལས་ཀྱི"བརྒྱ་ཟུང"ལས་འགུལ་མུ་མཐུད་དུ་སྤེལ་བ་དང་། འཁོར་སྐྱོད་ཐོན་ལས་ཀྱི་འབྲེལ་རྡང་རིང་དུ་བསྲིངས་ཏེ། ཤུགས་བསྒྲིམས་ནས་རྒྱུ་ཆ་གསར་བ་དང་། ནུས་ཁུངས་གསར་བ། ཚྭ་མཚོའི་རྫས་འགྱུར་བཟོ་ལས། སྔོན་ཐོན་སྒྲིག་ཆས་བཟོ་སྐྲུན། ནུས་སྲི་ཁོར་ཡུག་གནོད་མེད་སོགས་ཀྱི་ཁྱབ་ཁོངས་སུ། མགྱོགས་མྱུར་ངང་ཐོན་ལས་ཁྱུ་ཚོགས་བསྐྲུན་རྒྱུ་ཡིན། རྒྱལ་ཡོངས་ཀྱི་འོད་ཝོལ་ཐོན་ལས་རྟེན་གཞི་དང་འོད་ཝོལ་གློག་འདོན་རྟེན་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། བཀོད་པ་ལེགས་བསྒྱུར་བྱས་ཏེ། གློག་སྟོང་ཝ་ཁྲི100གསར་དུ་གློག་དྲར་སྦྲེལ་བ་ཁག་ཐེག་བྱེད་པ་དང་། ཁྱབ་པའི་ཚུལ་གྱི་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱེད་པར་ཐོལ་རྒལ་ཅུང་ཆེན་པོ་ཐོབ་པར་བརྩོན་ནས། དེའི་སྐུལ་ཁྲིད་འོག་ཏུ་ཆ་ཚང་བའི་ཐོན་ལས་འབྲེལ་རྡང་ཆགས་སུ་འཇུག་རྒྱུ་ཡིན། གྲངས་འཛིན་འཁོར་སྟེགས་དང་ཆེད་སྤྱོད་རླངས་འཁོར་སོགས་ལས་རིགས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་རྒྱུ་ཡིན། མཚོ་བོད་མཐོ་སྒང་གི་ཏུན་བྱེ་བ་ཅན་གྱི་སྣུམ་རླངས་རྟེན་གཞི་བསྟུད་མུར་བསྐྲུན་རྒྱུ་ཡིན། ཟས་རིགས་བཏུང་བྱ་དང་ཁྱད་ཆོས་ལྡན་པའི་འཁེལ་འཐག སྐྱེ་དངོས་སྨན་བཟོ་སོགས་ཡང་བའི་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པ་དང་། དབྱར་རྩྭ་དགུན་འབུ་དང་གཡུ་རྡོ། ཐང་ག་སོགས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་དང་ཐོན་རྫས་དག་ནི་མཆོག་གྱུར་ཅན་དང་རྟེན་གཞི་ཅན་གྱི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་བའི་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་བྱེད་རྒྱུ་ཡིན།

        ཐབས་མང་མཉམ་སྤྱོད་ཀྱིས་ལྷག་ལུས་ཐོན་ནུས་གསེད་བཀྲོལ་བྱེད་རྒྱུ། རྒྱལ་ཁབ་ཀྱི་ལྷག་ལུས་ཐོན་ནུས་གསེད་བཀྲོལ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་བྱས་ཏེ། རྗེས་ལུས་ཐོན་ནུས་རྦད་དེ་ཕྱིར་འབུད་བྱེད་རྒྱུ་ཡིན། ཁེ་ལས་ཀྱིས་མ་རྐང་དབང་ཆ་སྒྲིལ་ཉོ་དང་རྒྱུ་ནོར་བསྐྱར་སྒྲིག་སོགས་ཀྱི་ཐབས་ལ་བརྟེན་ནས་སྒྲིག་གཞི་ལེགས་སྒྲིག་བྱེད་ར་བསྟོད་སྐུལ་བྱེད་པ་དང་། གློག་འབྱེད་ཧ་ཡང་དང་ཨར་འདམ། རྣོ་ལྕགས་སོགས་ཀྱི་ཐོན་ལས་གཅིག་བསྡུ་བྱེད་ཚད་ཇེ་མཐོར་བཏང་སྟེ། དཔལ་འབྱོར་ལག་རྩལ་གཙོ་བོའི་དམིགས་ཚད་དེ་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པར་བརྩོན་རྒྱུ་ཡིན། ལོ་འདིའི་ནང་དུ་ཨར་འདམ་རྟགས་ཨང32.5ཅན་གྱི་ཐོན་ནུས50%ཕྱིར་འབུད་བྱེད་པ་དང་། ལྕགས་ཁྲོ་ལས་རིགས་གཅིག་བསྡུ་བྱེད་ཚད90%ལ་སླེབས་པ། གློག་འབྱེད་ཧ་ཡང་ལས་སྣོན་དང་གཞན་སྒྱུར་བྱེད་ཚད70%ལ་སླེབས་པར་བརྩོན་རྒྱུ་ཡིན།

        ཤུགས་བསྒྲིམས་ནས་འཕར་སྣེ་གསར་བ་བསྐྲུན་རྒྱུ། སྤྱི་པའི་སྒྲིག་བཀོད་དང་ཞབས་ཕྱི་སྟེགས་བུ་འཐུས་ཚང་དུ་གཏོང་བ་དང་། ར་བའི་ཁུལ་དང་རྟེན་གཞིའི་ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་མཐོར་འདེགས་བྱས་ཏེ། ཐོན་ལས་རྟེན་གཞི་གལ་ཆེན15མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། ནུས་སྲི་ཁོར་ཡུག་གནོད་མེད་དང་ཆ་འཕྲིན་ཐོན་ལས་ར་བ་འཛུགས་མགོ་རྩོམ་རྒྱུ་ཡིན། གནས་འཛོལ་འཕེལ་རྒྱས་དང་། ཐོན་ལས་དང་གྲོང་ཁྱེར་འོ་ཆུ་བཞིན་འདྲེས་པར་དོ་སྣང་བྱས་ཏེ། ཁེ་ལས་ཆུང་འབྲིང་གཅིག་འདུས་ཁུལ10དང་གསར་གཏོད་ཅན་གྱི་ཐོན་ལས་འདུས་ཚོགས2བསྐྲུན་པ་དང་། ལོ་རེར་སྐས་རིམ་གསར་བ་རེར་འཛེགས་ཤིང་ལོ་གསུམ་གྱི་ནང་དུ་འཕར་སྣེ་མང་པོ་ཞིག་འགྲུབ་པར་བརྩོན་རྒྱུ་ཡིན།

        ཚན་རྩལ་གྱི་གསར་གཏོད་ནུས་པ་མགྱོགས་མྱུར་ངང་ཇེ་མཐོར་གཏོང་རྒྱུ། ཚན་རྩལ་གསར་གཏོད་དེ་ཐོན་ལས་དང་མ་རྩ་ལ་དམ་དུ་འདྲེས་པར་སྐུལ་འདེད་བྱས་ཏེ། "123"ཚན་རྩལ་འདེགས་སྐྱོར་བཟོ་འགོད་མུ་མཐུད་དུ་ལག་ཏུ་བསྟར་བ་དང་། ལག་རྩལ་སྔོན་ཐོན་ལས་གཞི་ལས་གལ་ཆེན100ཡིས་སྣེ་ཁྲིད་དེ། ཤུགས་བསྒྲིམས་ནས་ཐོན་ལས་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་ཆབས་ཅིག ཚོང་དང་མ་དངུལ་འོས་འགུགས་ཀྱི་རྣམ་པ་གསར་གཏོད་བྱེད་པར་སྐུལ་ཁྲིད་དང་། ཁེ་ལས་ཀྱི་རྩ་འཛུགས་སྒྲིག་གཞི་ལེགས་སྒྲིག་བྱེད་རྒྱུ་ཡིན། ཁེ་ལས་ལག་རྩལ་ལྟེ་གནས་དང་བཟོ་འགོད་ལག་རྩལ་ཞིབ་འཇུག་ལྟེ་གནས་སོགས་གསར་གཏོད་ལས་སྟེགས་སྐོར་ཞིག་ཧུར་ཐག་གིས་གསོ་སྐྱོང་དང་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་དང་སློབ་གསོ་དང་ཞིབ་འཇུག་གཞི་གཅིག་ཅན་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཐོན་ལས་འཕེལ་རྒྱས་ཀྱི་གེགས་རྐྱེན་དུ་གྱུར་པའི་གནད་འགག་ལག་རྩལ་སྐོར་ཞིག་ཤུགས་བསྒྲིམས་ནས་འགག་སྒྲོལ་བྱེད་པ་དང་། ལོ་ཧྲིལ་བོའི་ལག་རྩལ་ཐོན་ལས་ཀྱི་འཕར་ཐང་གིས་བཟོ་ལས་འཕར་ཐང་ནང་ཟིན་པའི་སྡུར་ཚད7%དུ་ཇེ་མཐོར་གཏོང་རྒྱུ་ཡིན།

        (བཞི)ཞབས་ཕྱི་ལས་རིགས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དེ། འཕར་གནས་གསར་བ་གསོ་སྐྱོང་བྱེད་རྒྱུ། ཞབས་ཕྱི་ལས་རིགས་དེ་ནང་མཁོ་རྒྱ་བསྐྱེད་པ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་སྒུལ་བྱེད་འཕྲུལ་འཁོར་ལྟ་བུ་བརྩིས་ཏེ། ཞབས་ཕྱི་ལས་རིགས་ཆེན་པོ་བཅུ་མགྱོགས་མྱུར་གྱིས་གོང་དུ་སྤེལ་བ་དང་། ཞབས་ཕྱི་ལས་རིགས་དེ་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞིང་ཕྱུགས་ལས་རིགས་ལ་གཏིང་ཟབ་ཏུ་འདྲེས་ཤིང་ཕན་ཚུན་འདེགས་སྐྱོར་ཐུབ་པའི་རྣམ་པ་གསར་བ་འགྲུབ་པར་བྱེད་རྒྱུ་དང་། ཞབས་ཕྱི་ལས་རིགས་ཀྱི་འཕར་ཐང11%འཕར་བར་བརྩོན་རྒྱུ་ཡིན།

        ཤུགས་བསྒྲིམས་ནས་འཛད་སྤྱོད་ཀྱི་འཐེན་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་འཛད་སྤྱོད་ནུས་པ་ཇེ་མཐོར་གཏོང་བ་དང་། ཁྲོམ་རའི་འཛད་སྤྱོད་ཁོར་ཡུག་ལེགས་བསྒྱུར་བྱེད་རྒྱུ་ཡིན། ནོར་སྲིད་མ་དངུལ་གྱིས་འཛད་སྤྱོད་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལེགས་སྒྲིག་བྱེད་པ་དང་འཐུས་ཚང་དུ་གཏོང་བ་དང་། འཛད་སྤྱོད་ཀྱིས་ཐོན་ལས་འཕེལ་རྒྱས་ཡར་འཐེན་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གཏན་ལ་ཕབ་སྟེ། ཧུར་ཐག་གིས་འཚར་ལོངས་འབྱུང་བའི་འཛད་སྤྱོད་དངོས་པོའི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་། ནུས་སྲི་དང་ཁོར་ཡུག་གནོད་མེད་ཀྱི་ཐོན་རྫས་དང་། ཆ་འཕྲིན་ཐོན་རྫས། ནུས་ཁུངས་གསར་བའི་རླངས་འཁོར་སོགས་ཀྱི་འཛད་སྤྱོད་དགོས་མཁོ་རྒྱ་བསྐྱེད་དེ། འཛད་སྤྱོད་བྱེད་ཚད་ཡར་འཕར་ཞིང་འཛད་སྤྱོད་རིམ་པ་བསྟོད་པར་སྐུལ་འདེད་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་དངོས་པོའི་སིལ་འཚོང་བསྡོམས་འབོར14%འཕར་བར་བརྩོན་རྒྱུ་ཡིན།

        མཐོ་སྒང་གི་ཡུལ་སྐོར་ཞིང་ཆེན་གྲགས་ཅན་མགྱོགས་མྱུར་ངང་བསྐྲུན་རྒྱུ། སྐྱེ་ཁམས་དང་སྤྲོ་གསེང་། ལུས་རྩལ། རིག་གནས་སོགས་འདུས་འདྲེས་ཅན་གྱི་ཐོན་རྫས་དང་དགུན་དཔྱིད་ཀྱི་ཡུལ་སྐོར་ཁྲོམ་ར་གཏིང་ཟབ་ཏུ་འདོན་སྤེལ་བྱེད་པ་དང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཉམས་འགྱུར་ལྡན་པའི་ཡུལ་སྐོར་ལས་རྣམ་གསོ་སྐྱོང་བྱས་ཏེ། ཡུལ་སྐོར་ལས་རིགས་དེ་གྲངས་ཚད་སྤེལ་བ་ནས་སྤུས་ཚད་བསྟོད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱེད་རྒྱུ་ཡིན། གཙོ་གནད་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཀ་དང་རིམ་པ་ཡར་བསྟོད་པ་དང་ཕྱོགས་བསྡུས་ཞབས་ཕྱི་ནུས་པའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཟི་ལིང་གི་ཡུལ་སྐོར་བ་བསྡུ་འགྲེམས་ལྟེ་གནས་འཛུགས་རྒྱུ་དང་། ལོ་གཉིས་ཀྱི་ནང་དུ་ད་དུང་རིམ་པA5ཅན་གྱི་མཛེས་ལྗོངས་ཁུལ3གསར་སྐྲུན་བྱེད་རྒྱུ་ཡིན། ལོ་ཧྲིལ་བོར་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་གྲངས་ཐེངས་ཁྲི2000ལས་བརྒལ་ཞིང་། ཡུལ་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར200ལ་སླེབས་པར་བརྩོན་རྒྱུ་ཡིན།

        ཧུར་ཐག་གིས་དེང་རབས་ཟོང་སྐྱེལ་ལས་རིགས་གོང་དུ་སྤེལ་རྒྱུ། འཁོར་རྒྱུག་མ་ལག་ཆེན་པོ་འཛུགས་སྐྱོང་བྱེད་པ་དམིགས་འབེན་དུ་བཟུང་སྟེ། འཁོར་རྒྱུག་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་བའི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་རྒྱུ་ཡིན། ཟི་ལིང་གྲོང་ཁྱེར་ནི་རྒྱལ་ཁབ་ཀྱི་མཉམ་སྐྱེལ་ཚོད་ལྟའི་གྲོང་ཁྱེར་དུ་འགྱུར་བར་སྐུལ་འདེད་བྱེད་པ་དང་། མཚོ་ཤར་གྱི་མདོ་དབུས་མཐོ་སྒང་ཤར་རྒྱུད་ཀྱི་རྒྱལ་སྤྱིའི་ཟོང་སྐྱེལ་ཉོ་ཚོང་ལྟེ་གནས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། འགྲན་རྩོད་ནུས་ཤུགས་ལྡན་པའི་ཟོང་སྐྱེལ་ཁེ་ལས་སྐོར་ཞིག་གསོ་སྐྱོང་བྱེད་རྒྱུ་ཡིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཟོང་སྐྱེལ་དྲ་བ་འཐུས་ཚང་དུ་གཏོང་བ་དང་། ཚད་ལྡན་ཅན་གྱི་ཚོང་རྫས་ཟོང་སྐྱེལ་སྡེབ་སྐྱེལ་ལྟེ་གནས་དང་ཉོ་ཚོང་ལྟེ་གནས་སྐོར་ཞིག་གསར་བསྐྲུན་བྱས་ཏེ། ལོ་གཉིས་ཀྱི་ནང་དུ་ཞང་དང་གྲོང་རྡལ་ཡོད་ཚད་དང་སྲིད་འཛིན་སྡེ་བ85%ལ་ཞིང་སྡེའི་ལས་གཉེར་ཁང་འཛུགས་རྒྱུ་ཡིན།

        ཆ་འཕྲིན་ཞབས་ཕྱི་ལས་རིགས་ཤུགས་ཆེན་པོས་གོང་དུ་སྤེལ་རྒྱུ། "ཐག་ཡངས་མཚོ་སྔོན"གྱི་འཐབ་ཇུས་ལས་འགུལ་ལག་ཏུ་བསྟར་ནས། དྲ་གསུམ་མཉམ་འདྲེས་བྱེད་པ་དང་འོད་སྐུད་ཁྱིམ་ཚང་དུ་འཐེན་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་ཁྱེར་གྱིG4དྲ་རྒྱ་ཁེབས་ཚད་རྒྱ་བསྐྱེད་དེ། ཤེས་རིག་གི་གྲོང་ཁྱེར་འཛུགས་སྐྲུན་བྱེད་རྒྱུ་ཡིན། གློག་རྡུལ་ཚོང་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་བཏོན་ནས། གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཞབས་ཕྱི་མ་ལག་དང་དྲ་ཐོག་ནས་དངོས་པོ་ཉོ་བའི་ལས་སྟེགས་མགྱོགས་མྱུར་ངང་འཛུགས་རྒྱུ་ཡིན། ཆ་འཕྲིན་དམངས་ཕན་བཟོ་འགོད་ལག་ཏུ་བསྟར་བ་དང་། སྤྱི་ཕན་རང་བཞིན་གྱི་ཆ་འཕྲིན་ཐོན་ཁུངས་གསར་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཆ་འཕྲིན་ཐོན་ལས་ཐད་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར100ལ་སླེབས་པ་དང་། ཆ་འཕྲིན་འཛད་སྤྱོད་སྒོར་དུང་ཕྱུར140ལ་སླེབས་པར་བརྩོན་རྒྱུ་ཡིན། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཀུན་ལ་ཐག་ཡངས་འཐེན་པ་ཕལ་ཆེར་མངོན་འགྱུར་བྱེད་རྒྱུ་ཡིན།

        བར་སྨྱན་ཞབས་ཕྱི་ལས་རིགས་སྐྱོན་བྲལ་ངང་གོང་དུ་སྤེལ་བར་སྐུལ་འདེད་བྱེད་རྒྱུ། ཞིབ་འཇུག་ཇུས་འགོད་དང་ཤེས་ཡོན་ཐོན་དབང་། རྩད་འདྲི་གདེང་འཇོག རྩིས་གཉེར་ལས་དོན། མི་ཤུགས་ཐོན་ཁུངས། ཁྲིམས་རྩོད་པ་སོགས་ཀྱི་བར་སྨྱན་ཞབས་ཕྱི་ཤུགས་ཆེན་པོས་གོང་དུ་སྤེལ་བ་དང་། སྲིད་གཞུང་གི་སྤྱི་པའི་ཞབས་ཕྱི་ཕྱི་རུ་བཤུག་པའི་ལམ་ལུགས་འཛུགས་རྒྱུ་ཡིན་ལ། ཆེད་ལས་ཅན་དང་ཁྲོམ་ར་ཅན་གྱི་བར་སྨྱན་ཞབས་ཕྱི་ལས་ཁུངས་སྐོར་ཞིག་གསོ་སྐྱོང་བྱས་ཏེ། དྲང་བདེན་ངང་འགྲན་རྩོད་བྱེད་ཅིང་འཁོར་རྒྱུག་ལག་ལེན་ཚད་ལྡན་ཡིན་པའི་བར་སྨྱན་ཁྲོམ་རའི་མ་ལག་འགྲུབ་པར་བྱེད་རྒྱུ་ཡིན།

        (ལྔ)ཧུར་བརྩོན་བརྟན་བརླིང་གིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བ་སྐུལ་སྤེལ་བྱས་ཏེ། ཞིང་སྡེའི་གསར་བའི་འཛུགས་སྐྲུན་དང་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་སྐུལ་ཁྲིད་བྱེད་རྒྱུ།

        མི་རྩ་བར་འཛིན་པ་དང་ཅན་བཞིའི་གོམ་འགྲོས་མཉམ་པ། བཀོད་པ་ཚན་རིག་དང་མཐུན་པ། འཕེལ་རྒྱས་གནོད་མེད་ཡིན་པ། རིག་གནས་རྒྱུན་འཛིན་བྱེད་པ་བཅས་ཀྱི་ཁ་ཕྱོགས་དམ་འཛིན་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་སྐུལ་རེས་དང་། ས་ཁོངས་མཐུན་སྦྱོར། ལམ་སྲོལ་གསར་གཏོད། ཞིབ་བསྡུས་འཕེལ་རྒྱས། ཁྱད་ཆོས་མངོན་གསལ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བའི་འཕེལ་རྒྱས་འཆར་འགོད་ཀྱི་སྣེ་ཁྲིད་འོག་ཏུ། ཧུར་བརྩོན་བརྟན་བརླིང་དང་ཤུགས་ལྡན་རིམ་ཡོད་སྒོས་གྲོང་ཁྱེར་དང་གྲོང་རྡལ་ཅན་སྐུལ་སྤེལ་བྱེད་རྒྱུ་ཡིན།

        ཞིང་ཕྱུགས་ལས་རིགས་ཀྱི་གཞན་སྤོར་མི་འབོར་གྲོང་མིར་བསྒྱུར་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བྱེད་རྒྱུ། ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྒྲིག་འཛུགས་གྲོང་རྡལ་དང་གྲོང་ཁྱེར་ཆུང་བར་ཁྱིམ་གཞིས་འཛུགས་པའི་བཀག་སྡོམ་ཁྱོན་ཡོངས་ནས་གློད་པ་དང་། གོ་རིམ་ལྡན་པའི་སྒོ་ནས་ཟི་ལིང་གྲོང་ཁྱེར་གྱི་ཁྱིམ་ཐོ་ཚོད་འཛིན་གྱི་བཀག་སྡོམ་གློད་ཅིང་། སློབ་གྲྭ་ཆེན་མོ་བ་དང་ལག་རྩལ་བཟོ་ལས་པ། ལས་རིགས་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་ཚད་ཇེ་མཐོར་གཏོང་རྒྱུ་ཡིན། གཞན་སྤོར་མི་འབོར་གྱི་རྒན་སྐྱོང་དང་སྨན་བཅོས། སློབ་གསོ་སོགས་འགན་སྲུང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ཡུལ་གཞན་དུ་སྦྲེལ་མཐུད་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ཡིན། "མི་ཁ་ཤས་བཞི"ཡི་གནད་དོན་ཐག་གཅོད་པར་དམིགས་ནས། ཉེ་བའི་ལོ་གསུམ་གྱི་རིང་ལ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱིམ་ཐོ་རུ་བསྒྱུར་བའི་མི་ཁྲི78ལ་མུ་མཐུད་དུ་ཞིབ་ཚགས་ཀྱིས་རིགས་དགར་བ་དང་། སྲིད་ཇུས་འཐུས་ཚང་དུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཅན་དུ་བསྒྱུར་ཏེ། རོང་འབྲོག་པ་རྣམས་མཁར་གྲོང་དུ་ཡོང་ཐུབ་ལ་གཞིས་ཀྱང་ཆགས་པར་མ་ཟད། འཕེལ་རྒྱས་ཀྱང་ལེགས་པོ་འཐོབ་ཐུབ་པར་བྱེད་དགོས།

        གྲོང་ཁྱེར་གྱི་རྩིབ་འཕྲོ་དང་ཡར་འཐེན་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཆུང་འབྲིང་། གྲོང་རྡལ་བཅས་ལ་གཅིག་གྱུར་བཀོད་འདོམས་བྱས་ཏེ་ལུགས་མཐུན་ལས་བགོས་དང་། རྩོལ་ནུས་གསབ་རེས། མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱེད་རྒྱུ་ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ལྟེ་བའི་གྲོང་ཁྱེར་དང་གསར་དར་གྲོང་ཁྱེར། གཙོ་གནད་གྲོང་རྡལ་བཅས་སྦྲེལ་བའི་འགྲིམ་འགྲུལ་དང་ནུས་ཁུངས། ཆ་འཕྲིན་བཅས་ཀྱི་བརྒྱུད་ལམ་འཛུགས་སྐྱོང་བྱེད་རྒྱུ་ཡིན། ཤར་རྒྱུད་གྲོང་ཁྱེར་ཚོགས་ཁྱུའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། ལྟེ་བའི་གྲོང་ཁྱེར་ཟི་ལིང་གི་འདེགས་སྐྱོར་ནུས་པ་དང་ཤུགས་རྐྱེན་ནུས་པ་ཇེ་དྲག་ཏུ་གཏོང་བ་མ་ཟད། མཚོ་ཤར་དང་ན་གོར་མོ། གཏེར་ལེན་ཁ། ཡུས་ཧྲུའུ་སོགས་ས་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་གྱི་ལྗིད་ཐེག་ནུས་པ་དང་འཕེལ་རྒྱས་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་ཡིན། ཆ་རྐྱེན་འཛོམས་པའི་རྫོང་དག་གིས་འཆར་འགོད་འཛུགས་སྐྲུན་དོ་དམ་གྱི་ཆུ་ཚད་ཇེ་མཐོར་གཏོང་བར་རྒྱབ་སྐྱོར་བྱས་ཏེ། རྫོང་བསྒྱུར་ནས་གྲོང་ཁྱེར་འཛུགས་པར་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན།

        མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་སྐོར་ཞིག་གཅིག་བསྡུས་སྒོས་བསྐྲུན་རྒྱུ། ཡུག་འབྲེལ་ཅན་དང་ཕྲེང་སྦྲེལ་ཅན། འཁོར་སྐར་ཅན་བཅས་ཀྱི་འཕེལ་རྒྱས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་ཀྱི་ཉམས་འགྱུར་དང་ལོ་རྒྱུས་ཀྱི་དྲན་སྣང་། ཡུལ་ཁོངས་ཀྱི་རིག་གནས། མི་རིགས་ཀྱི་ཁྱད་ཆོས་བཅས་མངོན་པར་དོ་སྣང་བྱས་ཏེ། ལོ་འཁོར་དབྱེ་ནས་རྫོང་མཁར་དང་ཡུལ་སྐོར་འགྲིམ་འགྲུལ་ལམ་རྒྱུད་གཙོ་གྲས་སུ་གཅིག་བསྡུས་སྒོས་སྐྱེ་ཁམས་ཁོར་ཡུག་གནོད་མེད་ཡིན་ལ། སྒྲིག་བཀོད་ཆ་ཚང་བ། འཚོ་བ་དང་བྱ་བ་གཉིས་ཀར་འཕྲོད་པའི་མཛེས་སྡུག་གི་གྲོང་ཁྱེར་དང་གྲོང་རྡལ80བསྐྲུན་ཏེ། ཐུན་མོང་མ་ཡིན་པའི་མཛེས་པ་མངོན་ཅི་ཐུབ་བྱེད་རྒྱུ་ཡིན།

        མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་རྒྱུ། ཏང་སྲིད་དམག་ཁེ་ལས་བཅས་ཀྱིས་མཉམ་སྐྲུན་བྱེད་པ་རྨང་གཞི་བྱེད་ཅིང་། འབྲེལ་ཡོད་ཀྱི་ལས་གཞི་དང་མ་དངུལ་སྡེབ་སྒྲིག་བྱེད་པ་དང་། སྡོད་ཁང་འཛུགས་སྐྲུན་དང་ཁོར་ཡུག་བཅོས་སྒྲིག རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱི་བུབས་ཚང་འཛུགས་སྐྲུན་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྔར་ཡོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། ལོ་རེར་ཞིང་ར་མཛེས་པ་དང་། གྲོང་ཚོ་མཛེས་པ། འཚོ་བ་མཛེས་པའི་གྲོང་གསེབ་མཛེས་སྡུག་ལྡན་པ300བསྐྲུན་རྒྱུ་ཡིན་ལ། 2020ལོ་བར་དུ་མཛེས་སྡུག་ལྡན་པའི་གྲོང་གསེབ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་རྒྱུ་ཡིན།

        ས་ཁོངས་མཐུན་སྦྱོར་དང་ཞིབ་བསྡུས་སྒོས་འཕེལ་རྒྱས་ལ་སྔར་ལས་སྐུལ་ཁྲིད་བྱེད་རྒྱུ། གཙོ་གཞིའི་རྩོལ་ནུས་གོ་གནས་གཏན་ཁེལ་དང་གཅིག་མཐུན་ཡིན་པའི་ཐོན་ལས་སྲིད་ཇུས་སམ་ནོར་སྲིད་ཇུས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཤུགས་བསྒྲིམས་ནས་ཤར་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་དང་མཚོ་ནུབ་ཀྱི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་སྔོན་སྐྱོད་ཁུལ་བསྐྲུན་པ་དང་། མཚོ་སྔོན་ལྷོ་རྒྱུད་དང་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་སྐྱེ་ཁམས་དང་འཚོ་ཚིས་མཉམ་དུ་འཕེལ་བར་སྐུལ་འདེད་བྱེད་རྒྱུ་ཡིན་ལ། "ཁུལ་བཞི་རྒྱུད་གཉིས་ལམ་གཅིག"གི་ས་ཁོངས་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཡིན། རྨོ་ཞིང་གི་གྲངས་ཚད་དང་སྤུས་ཚད་ཀྱི་སྲུང་ཐིག་གཉིས་བརྟན་པོར་སྲུང་བ་དང་། ཙོང་ཆུའི་འབབ་ཡུལ་དང་རྨ་ཆུའི་རོང་ཁུལ་གྱི་ཞིང་ས་གཤིན་པོར་སྲུང་སྐྱོང་ནན་ཏན་བྱེད་རྒྱུ་ཡིན་ལ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འཛུགས་སྐྲུན་སྤྱོད་སའི་ཁྲོམ་ར་འཛུགས་པར་སྐུལ་འདེད་བྱས་ཏེ། ས་ཞིང་ཞིབ་བསྡུས་དང་གྲོན་ཆུང་སྒོས་བེད་སྤྱོད་པའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བ་སྤེལ་བའི་ལམ་དུ། ང་ཚོས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལ་བརྟེན་ནས། ཚན་རིག་དང་མཐུན་པར་འཆར་འགོད་དང་གནས་བབ་དང་བསྟུན་ནས་ལས་སྒྲུབ་བྱས་ཏེ། རང་ཅག་གི་བདེ་སྐྱིད་ལྡན་པའི་ཁྱིམ་ར་འཛུགས་སྐྲུན་བྱེད་པར་བརྩོན་རྒྱུའི་བློ་ཐག་བཅད་པ་ཡིན།

        བཞི། སྐྱེ་ཁམས་སྒྲིབ་ཡོལ་སྲ་བརྟན་དུ་བཏང་སྟེ། མཛེས་པའི་མཚོ་སྔོན་གྱི་རིམ་པ་ཡར་བསྟོད་པར་བརྩོན་པ། སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་སྐྱོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་གསར་སྐྲུན་བྱེད་པའི་ལས་འགུལ་ཇུས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་དེ་དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས། རིག་གནས་བཅས་འཛུགས་སྐྲུན་བྱེད་པའི་ཁྱབ་ཁོངས་སོ་སོར་འདྲེས་ཤིང་ཐིམ་པར་བྱེད་པ་དང་། རི་ཆུ་བཅོས་སྐྱོང་གི་ལས་ཡག་པོ་བསྒྲུབས་ནས། མུ་མཐུད་དུ"ཀྲུང་ཧྭའི་ཆུ་གཏེར"བརྟན་པོ་འབེལ་བོ་ཡོང་བར་སྐུལ་འདེད་བྱེད་རྒྱུ་ཡིན།

        (གཅིག)རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟའི་ཁུལ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་རྩོམ་རྒྱུ། སྔོ་ཁེབས་སྲུང་སྐྱོབ་དང་བསྐྱར་གསོ་བྱེད་པར་ལྟེ་བར་འཛིན་པ་དང་། རང་བྱུང་བསླར་གསོ་དང་བཟོ་འགོད་འཛུགས་སྐྲུན་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་ལས་དང་པོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ལས་རིམ་གཉིས་པའི་བཟོ་འགོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ་ཡིན། རྩྭ་ཐང་དང་ནགས་ཚལ། ཐང་རྒོད། བརླན་ས། ཆུ་བོ་དང་མཚེའུ་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་བཟོ་འགོད་ལ་གཅིག་གྱུར་བཀོད་འདོམས་ཀྱིས་སྐུལ་སྤེལ་བྱེད་པ་དང་། ནུས་ཁུངས་འཛུགས་སྐྲུན་དང་། ནུས་རྩལ་གསོ་སྦྱོང་། སྐྱེ་ཁམས་ལྟ་འཇལ་སོགས་ཀྱི་ཆ་འགྲིག་ལས་གཞི་གོམ་ཁ་བརྟན་པོར་ལག་ཏུ་བསྟར་རྒྱུ་ཡིན། ཤུགས་བསྒྲིམས་ནས་སྐྱེ་ཁམས་ཅན་གྱི་ཁྱད་ཆོས་ལྡན་ཞིང་གནས་བབ་ལེགས་པའི་ཐོན་ལས་གོང་དུ་སྤེལ་ཞིང་། སྐྱེ་ཁམས་དོ་དམ་བདག་སྐྱོང་གི་སྤྱི་ཕན་ལས་གནས་འཕར་སྣོན་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་ཀྱི་མཐུན་སྦྱོར་མཉམ་འགུལ་རྐྱེན་སྲོལ་འཛུགས་སྐྱོང་བྱས་ཏེ། རྨ་འབྲི་རྫ་གསུམ་གྱི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པར་མགོ་བཟང་བོ་ཞིག་རྩོམ་པ་ཁག་ཐེག་བྱེད་རྒྱུ་ཡིན།

        (གཉིས)གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱ་བ་ཏན་ཏིག་གིས་སྤེལ་རྒྱུ། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་དང་། ཙོང་ཆུའི་འབབ་ཡུལ་དུ་ནགས་ཚལ་མུའུ་ས་ཡ་བསྐྲུན་པ། བྱེ་འགྱུར་ས་ཞིང་བཀག་རྒྱ་བསྡམས་པ་སོགས་ཀྱི་བཟོ་འགོད་ལས་མགོ་རྩོམ་པ་དང་། ཟི་ལིང་དང་མཚོ་ཤར་གཉིས་ཀྱི་ལྷོ་རི་དང་བྱང་རིའི་ལྗང་བསྒྱུར་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་རྒྱུ་ཡིན། མཚོ་སྔོན་པོའི་འབབ་ཡུལ་དང་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་རིམ་གཉིས་པའི་བཟོ་འགོད་དང་། ཚ་འདམ་གཤོང་ས་དང་ཤར་རྒྱུད་ས་སེར་མཐོ་སྒང་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་དུས་མགོའི་བྱ་བ་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན། འཐུང་ཆུའི་ཆུ་མགོ་ས་ཁུལ་དང་མཚེའུ་ཡི་སྲུང་སྐྱོང་ལ་དངོས་ནས་ཤུགས་སྣོན་པ་དང་། གཟར་ངོས་རྨོ་ཞིང་དང་བྱེ་འགྱུར་ཚབས་ཆེན་ཡིན་པའི་རྨོ་ཞིང་ཁག་ཅིག་རེས་གསར་བའི་རྨོ་སྐྱུར་ནགས་གསོ་ལག་བསྟར་བྱེད་པའི་ཁྱབ་ཁོངས་སུ་བསྡུ་བར་བརྩོན་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་དེ་སྐས་རིམ་གསར་བ་ཞིག་ཏུ་སྐུལ་ཁྲིད་བྱེད་རྒྱུ་ཡིན།

 
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།། པད་མ་རྫོང་གི་དམར་དམག་རྒྱང 2018/12/17
· ༄༅།། མཚོ་སྔོན་ཞིང་ཆེན་སྲིད་གྲ 2018/12/17
· ༄༅།། ཧཱ་མཱ་སི་ཡིས་ཕཱ་ལེ་སི་ཐན་ 2018/12/17
· ༄༅།། ཀྲུང་དབྱང་དྲིལ་སྒྲོག་པུའུ 2018/12/17
· ༄༅།། པད་མ་རྫོང་གི་དམར་དམག་རྒྱ 2018/12/17

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།