ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> བཅའ་ཁྲིམས་ཁྲིམས་སྲོལ།
༄༅།།མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག
འབྱུང་ཁུངས།: 2014/3/5 10:54:21

༄༅།།མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག

    མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་་སྲོལ་ཡིག(༢༠༠༩ལོའི་ཟླ༧པའི་ཚེས༣༡ཉིན་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བའི་སྟེང་གྲོས་འཆམ་བྱུང་།)

  ལེའུ་དང་པོ། སྤྱིའི་རྩ་དོན།

  དོན་ཚན་དང་པོ། སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་ཁག་ཐེག་དང་། ཆོས་ལུགས་མཐུན་སྦྱོར་དང་སྤྱི་ཚོགས་འཆམ་མཐུན་ལ་སྲུང་སྐྱོང་། ཆོས་ལུགས་ལས་དོན་གྱི་དོ་དམ་ཚད་ལྡན་བཅས་སུ་གཏོང་ཆེད། བཅའ་ཁྲིམས་དང་འབྲེལ་ཡོད་ཁྲིམས་ལུགས། སྲིད་ཁྲིམས་སྲོལ་ཡིག་བཅས་གཞིར་བཟུང་བ་དང་། རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

  དོན་ཚན་གཉིས་པ། སྤྱི་དམངས་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད། རྩ་འཛུགས་དང་མི་སྒེར་སུ་ཡིན་རུང་སྤྱི་དམངས་ཀྱིས་ཆོས་ལུགས་ལ་དད་པ་བྱེད་པར་བཀག་འགོག་བྱེད་མི་རུང་བ་དང་བཙན་ཤེད་ཀྱིས་ཆོས་ལུགས་ལ་དད་པ་བྱེད་དུའང་འཇུག་མི་རུང་ལ། ཆོས་ལུགས་ལ་དད་པ་ཡོད་པ་དང་ཡང་ན་དད་པ་མེད་པའི་སྤྱི་དམངས་གང་ཡིན་རུང་དེར་མཐོང་ཆུང་བྱེད་མི་རུང་།

  ཆོས་ལུགས་ལ་དད་པ་བྱེད་པའི་སྤྱི་དམངས་དང་དད་པ་མི་བྱེད་པའི་སྤྱི་དམངས། ཡང་ན་ཆོས་ལུགས་མི་གཅིག་པར་དད་པ་བྱེད་པའི་སྤྱི་དམངས་སོ་སོས་ཕན་ཚུན་ལ་བརྩི་བཀུར་དང་འགྲིག་མཐུན་མཉམ་གནས་བྱེད་དགོས།

  དོན་ཚན་གསུམ་པ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་དུས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་ཁྲིམས་བཅས་ཀྱི་གཏན་ཁེལ་བརྩི་སྲུང་བྱེད་དགོས། རྩ་འཛུགས་དང་མི་སྒེར་སུ་ཞིག་ཡིན་རུང་ཆོས་ལུགས་བེད་སྤྱད་དེ་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་དང་། སྤྱི་དམངས་ཀྱི་ལུས་ཕུང་བདེ་ཐང་ལ་གནོད་སྐྱེལ་བ། རྒྱལ་ཁབ་ཀྱི་སློབ་གསོ་དང་ཁྲིམས་འཛིན། འཆར་ལྡན་བུ་སྐྱེས་སོགས་ཀྱི་ལམ་ལུགས་ལག་བསྟར་བྱེད་པར་བར་ཆད་གཏོང་མི་རུང་བར་མ་ཟད། རྒྱལ་ཁབ་དང་ཐུན་མོང་གི་ཁེ་ཕན། དེ་མིན་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་བཅས་ལ་གནོད་སྐྱེལ་བའི་བྱེད་སྒོ་གཞན་དག་ཀྱང་སྤེལ་མི་རུང་།

  དོན་ཚན་བཞི་བ། ཆོས་ལུགས་སོ་སོའི་རང་ཚུགས་རང་བདག རང་གཉེར་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས། ཆོས་ལུགས་ལས་དོན་བཅས་ལ་ཕྱིའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཀྱིས་ཚོད་འཛིན་བྱེད་དུ་འཇུག་མི་རུང་།

  དོན་ཚན་ལྔ་བ། རྫོང་རིམ་པའི་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཐུན་མོང་གི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་དགོས་པར་མ་ཟད། ད་དུང་རིམ་པ་གོང་མའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གི་ལྟ་སྐུལ་དང་ལེན་བྱེད་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་ཀྱང་རང་རང་གི་འགན་འཁྲིའི་ཁྱབ་ཁོངས་ནང་ཁྲིམས་ལྟར་འབྲེལ་ཡོད་ཀྱི་དོ་དམ་བྱ་བར་འགན་ཁུར་དགོས།

  ཞང(མི་རིགས་ཞང་དང་ཡང་ན་གྲོང་བརྡལ)མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་གིས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གི་མཛུབ་སྟོན་འོག མཐུན་སྦྱོར་ངང་རང་གི་ཁོངས་གཏོགས་ས་ཁུལ་གྱི་ཆོས་ལུགས་ལས་དོན་གྱི་དོ་དམ་བྱ་བ་བཟང་བོར་བསྒྲུབ་དགོས།

  སྡེ་དམངས(སྡོད་དམངས་དང་འབྲོག་དམངས)་ཨུ་ཡོན་ལྷན་ཁང་གིས་ཆོས་ལུགས་ལས་དོན་སྡེ་ཁག་ལ་རོགས་བྱས་ཏེ་ཆོས་ལུགས་ལས་དོན་དོ་དམ་ཞབས་ཞུ་བྱ་བ་བཟང་བོར་བསྒྲུབ་དགོས།

  ལེའུ་གཉིས་པ། ཆོས་ལུགས་ཚོགས་པ།

  དོན་ཚན་དྲུག་པ། སྲོལ་ཡིག་འདིའི་ནང་འབོད་པའི་ཆོས་ལུགས་ཚོགས་པ་ཞེས་བ་ནི། ཁྲིམས་ལྟར་བཙུགས་པའི་ནང་བསྟན་མཐུན་ཚོགས་དང་། ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས། དབྱི་སི་ལན་ཆོས་ལུགས་མཐུན་ཚོགས། གནམ་བདག་ཆོས་ལུགས་རྒྱལ་གཅེས་ཚོགས་པ། གནམ་བདག་ཆོས་ལུགས་སློབ་དོན་ཨུ་ཡོན་ལྷན་ཁང་། ཡེ་ཤུའི་ཆོས་ལུགས་མཐུན་ཚོགས་དང་ཡེ་ཤུའི་ཆོས་ལུགས་རང་གསུམ་རྒྱལ་གཅེས་ལས་འགུལ་ཨུ་ཡོན་ལྷན་ཁང་སོགས་ཆོས་ལུགས་རྩ་འཛུགས་ལ་ཟེར།

  དོན་ཚན་བདུན་པ། རང་ཞིང་གི་སྲིད་གཞུང་ས་ཁོངས་ནས་ཆོས་ལུགས་ཚོགས་པ་འཛུགས་དགོས་ན།«སྤྱི་ཚོགས་ཚོགས་པ་ཐོ་འགོད་དོ་དམ་སྲོལ་ཡིག»གི་གཏན་འཁེལ་ལྟར། དེ་དང་ཁ་གཏད་ཀྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་བྱས་ནས་འཐད་པ་བྱུང་རྗེས། རིམ་པ་མཉམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་ལ་རེ་ཞུ་བྱས་ནས་ཐོ་འགོད་བྱེད་དགོས་བར་མ་ཟད། རེ་ཞུ་ལ་འཐད་པ་བྱུང་བའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་རིམ་པ་གོང་མའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།

  ཆོས་ལུགས་ཚོགས་པས་ཐོ་འགོད་ཀྱི་ནང་དོན་ལ་དག་བཅོས་བྱེད་པ་དང་ཡང་ན་ཐོ་ཁོངས་ནས་ཕྱིར་འབུད་པའི་སྐབས་སུ། སྔར་གྱི་ཞིབ་བཤེར་དང་ཐོ་འགོད་བྱེད་སའི་ལས་ཁུངས་སུ་སོང་ནས་འབྲེལ་ཡོད་ཀྱི་འགྲོ་ལུགས་བསྒྲུབ་དགོས།

  དོན་ཚན་བརྒྱད་པ། ཆོས་ལུགས་ཚོགས་པ་སོ་སོས་རང་ཚོགས་པའི་སྒྲིག་ཡིག་གཞིར་བཟུང་ནས་ལས་འགུལ་སྣ་ཚོགས་སྤེལ་དགོས་པ་དང་། དོ་དམ་ལམ་ལུགས་སྣ་ཚོགས་འཛུགས་པ་དང་དེ་འཐུས་ཚང་དུ་གཏོང་བ། ཆོས་ལུགས་ལས་སྒྲུབ་མི་སྣ་དང་ཆོས་དད་མང་ཚོགས་ལ་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ། ཁྲིམས་ལུགས་བཅས་ཀྱི་སློབ་གསོ་གཏོང་དགོས་བར་མ་ཟད། ཆོས་ལུགས་ལས་དོན་སྡེ་ཁག་ལ་རམ་འདེགས་བྱས་ཏེ་ཆོས་ལུགས་ལས་དོན་དོ་དམ་བྱ་བ་བཟང་བོར་བསྒྲུབ་དགོས།

  དོན་ཚན་དགུ་བ། ཆོས་ལུགས་ཚོགས་པ་དང་ཡང་ན་དགོན་སྡེ། རྒྱ་བོན་དགོན་པ། མུའུ་ཟི་ལིན་ཆོས་ཁང་། ཆོས་ཁང་སོགས་ནས་རང་ཆོས་ལུགས་ཚོགས་པ་དང་ཡང་ན་རང་ཆོས་ལུགས་ཀྱི་ལས་འགུལ་སྤེལ་ཡུལ་ལས་གཞན་པའི་མི་སྣ་ཞུགས་པའི་ཆོས་ལུགས་ཀྱི་གསོ་སྦྱོང་འཛིན་གྲྭ་སྒྲུབ་དགོས་ན། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་རེ་ཞུ་བྱེད་དགོས། ཞིང་ཆེན་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་རེ་ཞུ་ཡི་གེ་འབྱོར་བའི་ཉིན་ནས་བཟུང་བའི་ཉིན་སུམ་ཅུའི་ནང་དེར་ཆོག་མཆན་བཀོད་མིན་གྱི་ཐག་གཅོད་བྱེད་དགོས།

  དོན་ཚན་བཅུ་བ། ཆོས་ལུགས་ཀྱི་གསོ་སྦྱོང་འཛིན་གྲྭ་སྒྲུབ་དགོས་ན་གཤམ་གྱི་ཆ་རྐྱེན་དག་ཚང་དགོས།

  གཅིག གསོ་སྦྱོང་གི་དམིགས་ཡུལ་གསལ་བོ་ཡོད་དགོས།

  གཉིས། གསོ་སྦྱོང་གི་དུས་ཚད་དང་འཁོར་ཡུན། སློབ་ཚན་གྱི་རྣམ་གྲངས་འཆར་གཞི་བཅས་འོས་འཚམ་ཞིག་ཡོད་དགོས།

  གསུམ། ཆོས་ལུགས་ཀྱི་ཤེས་ཡོན་ངེས་ཅན་ལྡན་པའི་དཔེ་ཁྲིད་མི་སྣ་ཡོད་དགོས།

  བཞི། འཛིན་གྲྭ་འཛུགས་པར་ངེས་པར་མཁོ་བའི་གྲོན་དངུལ་ཡོད་དགོས།

  ཆོས་ལུགས་གསོ་སྦྱོང་འཛིན་གྲྭའི་གསོ་སྦྱོང་གི་ནང་དོན་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་ལམ། སྲིད་ཇུས་བཅས་དང་འགལ་མི་རུང་ལ། གསོ་སྦྱོང་མི་སྣའི་གྲངས་ཀ་གསོ་སྦྱོང་བྱེད་ཡུལ་ཀྱི་ཤོང་ཚད་ཀྱི་གཞི་ཁྱོན་ལས་བརྒལ་མི་རུང་།

  དོན་ཚན་བཅུ་གཅིག་པ། ཆོས་ལུགས་ཚོགས་པས་རང་ཞིང་གི་སྲིད་འཛིན་ས་ཁོངས་ནས་ཆོས་ལུགས་ཀྱི་རིག་གཞུང་གྲོས་ཚོགས་བསྡུ་ན། ཞིང་ཆེན་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་རེ་ཞུ་བྱེད་དགོས་པ་དང་། རྒྱལ་སྤྱིའི་ཆོས་ལུགས་རིག་གཞུང་གྲོས་ཚོགས་བསྡུ་བའི་རེ་བ་ཞུ་མཁན་ཡོད་ན། ཞིང་ཆེན་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་རེ་ཞུ་ཡི་གེ་འབྱོར་བའི་ཉིན་དེ་ནས་བཟུང་བའི་ཉིན་སུམ་ཅུའི་ནང་དེར་བསམ་འཆར་འདོན་དགོས་པ་དང་། གལ་ཏེ་མོས་མཐུན་བྱུང་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཞིབ་བཤེར་ཆོག་མཆན་འགོད་དུ་འཇུག་དགོས།

  དོན་ཚན་བཅུ་གཉིས་པ། རང་ཞིང་གི་སྲིད་འཛིན་ས་ཁོངས་ནས་རྩ་འཛུགས་དང་མི་སྒེར་སུ་ཞིག་ཡིན་རུང་མཇལ་ཁ་ཞུ་བའི་བྱ་འགུལ་རྩ་འཛུགས་བྱེད་མི་རུང་།

  ཞིང་ཆེན་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱིས་དབྱི་སི་ལན་ཆོས་ལུགས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་རེ་བ་དང་འབྲེལ་ཡོད་གཏན་ཁེལ་ལྟར། རང་ཞིང་གི་མུའུ་སི་ལིན་གྱི་མཇལ་ཁ་ཞུ་བའི་བྱ་འགུལ་གྱི་མིང་ཐོ་འགོད་པ་དང་ཞབས་ཞུའི་བྱ་བར་འགན་ཁུར་དགོས།

  ལེའུ་གསུམ་པ། ཆོས་ལུགས་བྱ་འགུལ་སྤེལ་ས།

  དོན་ཚན་བཅུ་གསུམ་པ། སྲོལ་ཡིག་འདི་རུ་འབོད་པའི་ཆོས་ལུགས་བྱ་འགུལ་སྤེལ་ས་ཞེས་བ་ནི། ཁྲིམས་ལྟར་ཐོ་འགོད་བྱས་ནས་ཆོས་ལུགས་བྱ་འགུལ་སྤེལ་སའི་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེ་དང་། ཏའོ་ཅའོ་ཆོས་ལུགས་ཀྱི་དགོན་པ། དབྱི་སི་ལན་ཆོས་ལུགས་ཀྱི་ཆོས་ཁང་། གནམ་བདག་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་ཀྱི་ཆོས་ཁང་། ད་དུང་དད་ལྡན་མང་ཚོགས་ཀྱིས་རྒྱུན་དུ་ཐུན་མོང་གི་ཆོས་ལུགས་བྱ་འགུལ་སྤེལ་སའི་གཏན་འཇགས་ཀྱི་གནས་གཞན་དག་བཅས་ལ་ཟེར།

  དོན་ཚན་བཅུ་བཞི་བ། དགོན་སྡེ་དང་ལྷ་ཁང་འཛུགས་རྒྱུའི་གྲ་སྒྲིག་བྱེད་ན། ངེས་པར་དུ་རྒྱལ་ཁབ་ཀྱི་གཏན་ཁེལ་བྱས་པའི་ཆ་རྐྱེན་དང་འཚམ་དགོས་ཤིང་། ཆོས་ལུགས་ཚོགས་པས་ཆོས་ལུགས་བྱ་འགུལ་སྤེལ་ས་འཛུགས་སའི་ས་གནས་དེའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་རེ་ཞུ་བྱེད་དགོས་པ་དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཀྱང་རེ་ཞུ་ཡི་གེ་འབྱོར་བའི་ཉིན་དེ་ནས་བཟུང་བའི་ཉིན་སུམ་ཅུའི་ནང་ཐོག་མའི་ཞིབ་བཤེར་བསམ་འཆར་འདོན་དགོས་པ་དང་། གལ་ཏེ་འཐད་པ་བྱུང་ཚེ། ཁུལ(ཡང་ན་གྲོང་ཁྱེར་དང་ས་ཁུལ)མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ཏུ་ཡར་ཞུ་བྱས་ཏེ་ཞིབ་བཤེར་གཏན་འབེབས་བྱེད་དགོས། ཁུལ(ཡང་ན་གྲོང་ཁྱེར་དང་ས་ཁུལ)མི་དམངས་སྲིད་གཞུང་གིས་རེ་ཞུ་ཡི་གེ་འབྱོར་བའི་ཉིན་དེ་ནས་བཟུང་བའི་ཉིན་སུམ་ཅུའི་ནང་ཞིབ་བཤེར་གཏན་འབེབས་ཀྱི་བསམ་འཆར་འདོན་དགོས་པ་དང་། གལ་ཏེ་འཐད་པ་བྱུང་ན། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ཏུ་ཡར་ཞུ་བྱས་ནས་ཆོག་མཆན་འགོད་དུ་འཇུག་དགོས། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཀྱང་རེ་ཞུ་ཡི་གེ་འབྱོར་བའི་ཉིན་དེ་ནས་བཟུང་བའི་ཉིན་སུམ་ཅུའི་ནང་དེར་ཆོག་མཆན་འགོད་མིན་གྱི་ཐག་གཅོད་བྱེད་དགོས།

  གཏན་འཇགས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ་ས་གཞན་པ་འཛུགས་པའི་གྲ་སྒྲིག་བྱེད་བཞིན་པ་ཚོས། རྒྱལ་ཁབ་ཀྱི་གཏན་ཁེལ་དང་མཐུན་པའི་ཆ་རྐྱེན་འོག ཆོས་ལུགས་ཚོགས་པས་བྱ་འགུལ་སྤེལ་ས་འཛུགས་སའི་ས་གནས་དེའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་དལུགས་ལས་དོན་སྡེ་ཁག་ལ་རེ་ཞུ་བྱེད་དགོས་བ་དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་རེ་ཞུ་ཡི་གེ་འབྱོར་བའི་ཉིན་དེ་ནས་བཟུང་བའི་ཉིན་སུམ་ཅུའི་ནང་ཞིབ་བཤེར་གཏན་འབེབས་ཀྱི་བསམ་འཆར་འདོན་དགོས། གལ་ཏེ་འཐད་པ་བྱུང་ན། ཁུལ(ཡང་ན་གྲོང་ཁྱེར་དང་ས་ཁུལ)མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཞིབ་བཤེར་ཆོག་མཆན་གནང་དགོས། ཁུལ(དང་ཡང་ན་གྲོང་ཁྱེར་དང་ས་ཁུལ)མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཀྱང་རེ་ཞུ་ཡི་གེ་འབྱོར་བའི་ཉིན་དེ་ནས་བཟུང་བའི་ཉིན་སུམ་ཅུའི་ནང་དེར་ཆོག་མཆན་འགོད་མིན་གྱི་ཐག་གཅོད་བྱེད་དགོས།

  ཆོས་ལུགས་ལས་འགུལ་སྤེལ་ས་འཛུགས་པའི་རེ་ཞུ་ལ་ཆོག་མཆན་ཐོབ་རྗེས། ད་གཟོད་གྲ་སྒྲིག་བྱ་བ་བསྒྲུབ་ཆོག

  དོན་ཚན་བཅོ་ལྔ་བ། ཆོག་མཆན་ཐོབ་ནས་བཙུགས་པའི་ཆོས་ལུགས་བྱ་འགུལ་སྤེལ་ས་འཛུགས་སྐྲུན་བྱས་ཚར་རྗེས། འབྲེལ་ཡོད་ཀྱི་གཏན་འཁེལ་ལྟར་ཐོ་འགོད་བྱས་ཏེ«ཆོས་ལུགས་བྱ་འགུལ་སྤེལ་སའི་ཐོ་འགོད་དཔང་ཡིག»ལེན་དགོས།

  དོན་ཚན་བཅུ་དྲུག་པ། རྩ་འཛུགས་དང་མི་སྒེར་སུ་ཞིག་ཡིན་རུང་། ཆོག་མཆན་དང་ཐོ་འགོད་མ་བྱས་པར་ཆོས་ལུགས་བྱ་འགུལ་སྤེལ་ས་འཛུགས་མི་རུང་།།

 
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།།ཀྲུང་གོ་རྒྱལ་ཡོངས་དམངས་ཆེན 2018/9/11
· ༄༅།།ཐིན་ཅཱ་ཚའེ་ཡིས་དར་ལག་དང་པད 2018/9/11
· ༄༅།།པདྨ་རྫོང་གིས་ཐེངས་སོ་བཞི་བ 2018/9/11
· ༄༅།།པདྨ་རྫོང་གིས་ཐེངས་སོ་བཞི་བ 2018/9/11
· ༄༅།།པདྨ་རྫོང་དམངས་ཆེན་དང་པདྨ་ར 2018/9/7

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།