ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> རྩོམ་རིག
སྙན་རྩོམ།
འབྱུང་ཁུངས།: 2012/8/26 14:39:29

༄༅།།སྣོད་བཅུད་ཀྱི་དགེ་མཚན་ཀུན་ནས་ཕྱུག་པའི་པདྨ་མཐོང་བ་ཀུན་སྨོན།

 

པདྨ་རྫོང་ནི་མཚོ་བོད་མཐོ་སྒང་དུ་ལྷམ་མེར་འཚེར་བའི་མུ་ཏིག་ལྟ་བུ་ཡིན་ལ།  འོད་སྟོང་འབར་བའི་རིག་གནས་ལོ་རྒྱུས་ཀྱིས་ཕྱུག་ཅིང་།   སྔོ་ལྗང་ལྗོན་ཤིང་དང་གཙང་ཆབ་སྔོན་མོས་རྣམ་པར་བརྒྱན་ ཡོད།  གནས་འདི་ནི་གཅན་གཟན་རི་དྭགས་སྣ་ཚོགས་ཀྱི་འཇིན་རྟེན་ཡིན་ལ།  སྣ་མང་རང་བྱུང་ཐོན་ཁུངས་ཀྱི་བང་མཛོད་ཡིན།  གནས་འདི་སངས་རྒྱས་ཀྱི་བསྟན་པའི་མཆོག་ཞིང་ཡིན་ལ།  བྱམས་དང་སྙིང་རྗེས་ཕྱུག་པའི་འགྲོ་དྲུག་གི་དག་ཞིང་དངོས་ཡིན་པས།  འདི་ན་ས་གསུམ་ཀུན་ལས་འཕགས་པའི་མཛེས་སྡུག་གི་ཁོར་ཡུག་ཡོད་ལ།  འགྲོ་དྲུག་བྱམས་ཀྱིས་སྐྱོང་བའི་སྐྱེ་མཆོག་དམ་པའི་སྒྲུབ་གནས་དང་རྣམ་ཐར་ཡོད།  གནས་འདི་ནས་གངས་ཅན་བོད་པའི་གཤིས་རྒྱུད་དང་ཡུལ་སྲོལ་གོམས་གཤིས་མཐོང་ཐུབ་ལ།  གནས་མཆོག་ཤམ་བྷ་ལའི་ཅོང་སྒྲ་ཐོས་ཐུབ།  

༡  རང་བྱུང་ཐོན་ཁུངས་ཀྱིས་ཕྱུག་པའི་ཕྱི་སྣོད་ཀྱི་བཀོད་པ་དང་།  འཆམ་མཐུན་ལས་ལ་བརྩོན་པའི་ནང་བཅུད་ཀྱི་སེམས་ཅན།

མགོ་ལོག་རྩྭ་ཐང་གི་མཛེས་ཤིང་སྡུག་པའི་ཡུལ་ལྗོངས་ཏེ།  མཐོང་བ་ཙམ་གྱིས་མིག་གི་བསྟན་པ་ཅིག་ཅར་དུ་འཕྲོག་པར་བྱེད་ཅིང་།  སུམ་རྩེན་ས་ལ་འཕོས་འདྲའི་གནས་མཆོག་པདྨ་རྫོང་ནི་འབྲི་ཆུའི་མ་ལག་རྒྱལ་མོ་དངུལ་ཆུའི་ཆུ་མགོ་ཡིན་ལ།  བོད་ཆོལ་ཁ་གསུམ་གྱི་ཡ་གྱལ།  སྨད་མདོ་ཁམས་སྒང་དྲུག་གི་ལེ་ལག  ཟལ་མོ་སྒང་སྟེ་ཨ་ཆེན་གངས་རིའི་རི་རྒྱུད་ནུབ་བྱང་ནས་ཤར་ལྷོར་གསེག་ཡོད་པ་དེའི་དབུས་ན་ཆགས་ཡོད་པ་དང་།  ཤར་ལྷོའི་ཕྱོགས་སུ་སི་ཁྲོན་ཞིང་ཆེན་གྱི་རྔ་བ་རྫོང་དང་འཛམ་ཐང་རྫོང་།  གསེར་རྟ་རྫོང་བཅས་ལ་འབྲེལ་ཡོད་ཅིང་།  ནུབ་བྱང་དུ་རང་རེའི་ཁུལ་གྱི་དར་ལག་རྫོང་དང་གཅིག་སྒྲིལ་རྫོང་དང་འབྲེལ་ཡོད།  རང་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་དྲུག་སྟོང་སུམ་བརྒྱ་ཞེ་གསུམ་དང་།  མི་གྲངས་ཉིས་ཁྲི་ལྷག་ཡོད་པ་དེ་ལས་བོད་རིགས་ཀྱིས་བརྒྱ་ཆའི་དགུ་བཅུ་ལྷག་ཟིན་ཡོད།  སེ་ལེ་ཐང་ནི་མིང་དོན་ཀུན་ནས་མཚུངས་བའི་བཅུད་ལྡན་གྱི་མེ་ཏོག་པདྨ་དང་འདྲ་བར་རང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་ཡིན་ཞིང་།  ཞང་བརྒྱད་པོ་ནི་པདྨའི་འདབས་མ་ལྟར་ཆགས་ཡོད།  མཚོ་ངོས་ལས་རྨིད་སུམ་སྟོང་དྲུག་བརྒྱ་ཡས་མས་ཡོད་པའི་ཡུལ་ལྗོངས་འདིར་ཆར་ཆུ་ཤིན་ཏུ་མོད་པས་ལྗོངས་ཧྲིལ་བོར་རྩྭ་རྩི་ཤིང་ལ་སོགས་ཀྱིས་རྣམ་པར་བརྒྱན་ཏེ།  མཛེས་སྡུག་རྨི་ལམ་གྱི་ཞིང་ཁམས་ལྟ་བུ་ཞིག་ཡིན་པས་མགོ་ལོག་གི་རྨ་འབྲིའི་ལྷོ་རྒྱུད་ཆུང་བ་ཞེས་པའི་མཚན་སྙན་བསྩལ་ཡོད།  སྟོད་ཀྱི་རྫ་རི་སྨུག་པོ་རྡོ་རྙིང་རལ་བའི་དབུ་འཕང་དགོངས་ལ་ཟུག་ཅིང་།  མཐའ་བཞིའི་རི་ཚོགས་བང་རིམ་བརྩིགས་འདྲའི་དབུས་ན་སྨར་རྡོ་ཆུ་བོ་མིང་སྲིང་གཉིས་པོ་དལ་གྱིས་རྒྱུ་ཞིང་།  བག་གྱིས་འབབ་བཞིན་འཇིག་རྟེན་གྱི་མ་མ་དང་འདྲ་བར་ལྗོངས་འདིའི་སྐྱེ་འགྲོ་ཀུན་ལ་བྱམས་སེམས་ཀྱི་རླབས་ཕྲེང་གཡོ་བས།  རོང་འབྲོག་མང་ཚོགས་ཀུན་གྱི་འཚོ་བའི་ལོངས་སྤྱོད་ལ་མཁོ་རྒུ་བསྐྲུན་བཞིན་མཆིས།  སྨར་རྡོ་ཆུ་བོ་གཉིས་ཀྱི་འགྲམ་བརྒྱུད་དུ་ནགས་ཚལ་ཤིན་ཏུ་སྟུག་ལ།  ཚིང་ཚིང་གཡུ་ལོ་ཐགས་སུ་བཀྲ་བའི་ནགས་མའི་ཀློང་ན་དོམ་དང་སྤྱང་ཀི  ཤྭ་དང་རྒོད།  གཉན།  སྤྲེའུ་ལ་སོགས་རྒྱལ་ཁབ་རིམ་པས་སྲུང་སྐྱོབ་བྱེད་བཞིན་པའི་གཅན་གཟན་རི་དྭགས་སྣ་ཚོགས་གང་དགར་འཚོ་ཞིང་རྒྱུ་ལ།  སྔོ་ལྗང་ལོ་མའི་གསེབ་ན་ལྷ་བྱ་ཁུ་བྱུག་དང་འཇོལ་མོ།  གོང་མོ་དང་བྱ་ཝང་ལ་སོགས་འདབ་ཆགས་ཚོགས་ཀྱིས་སྙན་པའི་གྲེ་འགྱུར་སྒྲོག་ཅིང་།  དྭངས་གཙང་ཆུ་བོའི་ནང་དུ་འཛམ་གླིང་ན་དཀོན་པའི་ཁྲོན་ཧྲན་ཀྲིག་ལོ་ཀོས་སོགས་ཉ་རིགས་སྣ་ཚོགས་ཀྱིས་འཁྱུག་རྩལ་འགྲན་པ་དང་།  གཡའ་དག་པའི་མཁའ་དབྱིངས་སུ་བྱ་རྒྱལ་རྒོད་པོས་གཤོག་འགྱུར་མངོན་བཞིན་མཆིས།  ད་དུང་ལྕུམ་རྩྭ་དང་སྲད་དཀར།  དབྱར་རྩྭ་དགུན་འབུ།  ལུག་གྲོད་ཤ་མོ་ལ་སོགས་སྨན་རྩྭའི་ཐོན་ཁུངས་ཕུན་སུམ་ཚོགས་ལ།   ལྷག་པར་དུ་རོ་བཅུད་ལྡན་པའི་ནད་བརྒྱ་ཆིག་ཐུབ་ཀྱི་སྨན་མཆོག་སྟེ་པདྨའི་བོད་ཇ་སོགས་ཡུལ་ལྗོངས་ཀུན་ན་དཀོན་པའི་སྐྱེ་དངོས་སྣ་ཚོགས་ཤིན་ཏུ་མོད་ཅིང་།  རྒྱལ་ཁབ་ཕྱི་ནང་ཀུན་གྱི་སྐྱེས་དངོས་ཞིབ་འཇུག་པ་རྣམས་ཀྱིས་རང་བྱུང་སྐྱེས་དངོས་ཞིབ་འཇུག་བྱེད་སའི་གནས་མཆོག་ཅིག་ཡིན་པ་མ་ཟད།   ནོར་ལྷའི་ཚོགས་ལ་སྐྱེངས་བ་སྟེར་བའི་གསེར་དངུལ་ལ་སོགས་ཀྱི་གཏེར་ཁས་ཀུན་ནས་ཕྱུག་ཅིང་།  ལོ་རྒྱུས་ཀྱི་རྒྱུན་རིང་བའི་དམངས་ཁྲོད་ལག་ཤེས་བཟོ་ལས་ཏེ།  པདྨའི་ས་རྫ་དང་ཐང་ག་བཟོ་རྩལ།  བོད་སྤོས་དང་ཞལ་འབོག་ལས་སྣོན་སོགས་ད་དུང་རྒྱུན་མ་ཆད་པར་མི་རབས་ནས་མི་རབས་བརྒྱུད་ཅིང་གནས་འདིའི་མང་ཚོགས་ཀྱི་འཚོ་བ་དང་བྲལ་ཐབས་མེད།  དེང་རབས་ཚན་རྩལ་ལས་བཏོན་པའི་ཆུ་གློག་དང་སྣུམ་ནག་ཁོད་ཡངས་ཀྱི་འགྲིམ་འགྲུལ་དྲ་བས་ཁྱབ་ལ།  མེ་ཏོག་སྣ་བརྒྱ་བཞད་པའི་མཐའ་ཡས་རྩྭ་ཐང་སྟེང་དུ་རྟ་ནོར་ལུག་གསུམ་གྱིས་ཁེངས་ཤིང་།  ཤ་མར་ཐུད་གསུམ་གྱི་རི་བོ་བརྩིགས་པའི་འབྲོག་པ་མང་ཚོགས་ཀྱིས་སྐྱིད་པའི་གླུ་དང་དགའ་བའི་བྲོ་འཁྲབ་སྟེ།  མཛེས་སྡུག་གི་ཕ་ཡུལ་ལ་དགའ་བའི་སེམས་པ་རི་ལུང་ཀུན་ལ་ཁྱབ་པ་དང་།  འབྲུ་རིགས་སྣ་ལྔའི་ཞིང་ས་མུའུ་ཆིག་ཁྲི་བརྒྱད་སྟོང་ལྷག་ཡོད་པའི་རོང་བ་མང་ཚོགས་རྣམས་ཀྱིས་གསེར་གྱི་སྙེ་མའི་རླངས་ཕྲེང་ལྡེམ་ལྡེམ་གཡོ་བའི་རྣང་མའི་བར་ན་ལས་ལ་བརྩོན་ཞིང་།  མ་འོངས་འཚོ་བ་འཛུམ་གྱིས་བསུས་ཏེ།  དགོ་དགོ་ངག་གི་དབྱངས་རྟ་ལ་འགུག་བཞིན་ཕ་ཡུལ་གྱི་རི་ལུང་ཐང་གསུམ་ལ་དགའ་སྤྲོའི་སྣང་བས་ཁེངས་ཡོད།

༢ལོ་རྒྱུས་རྒྱུན་རིང་ཞིང་འོད་སྟོང་འབར་བའི་ནང་བསྟན་རིག་གནས་ཀྱི་ཞིང་ཁམས།

པདྨ་རྫོང་ནི་ཁྲ་མོ་ལྷ་གླིང་དཀར་བོའི་གནས་མཆོག་ཡིན་ཞིང་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་གཏམ་གྱིས་ཕྱུག་པ་མ་ཟད།  སྨར་མདོ་གེ་སར་ཕོ་བྲང་པདྨ་ལྷ་རྩེ་དང་དྷི་མདའ་དགོན་པའི་གེ་སར་མགོན་ཁང་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ།  གེ་སར་ཆུ་ཁོལ་དང་འབྲུག་མོའི་ཆུ་ཁོལ།  མདན་མའི་རལ་གྲི་དང་དགོན་པ་སོ་སོའི་ཞལ་འབོག་སོགས་གེ་སར་རིག་གནས་ཀྱི་གནའ་ཤུལ་གྲགས་ཅན་མང་བོ་ཡོད་པ་དང་།  ཞིང་ཆེན་ཕྱི་ནང་ཀུན་ན་གྲགས་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སྟེ།  ལྕགས་རི་ཐང་དམངས་ཁྲོད་གེ་སར་སྒྱུ་རྩལ་ཚོགས་པ་དང་མདོ་གོང་མ་གེ་སར་རྣམ་ཐར་ཚོགས་པས་ནམ་རྒྱུན་གནས་འདིའི་གེ་སར་རིག་གནས་ལ་བཀྲག་མདངས་འཚེར་བའི་ཚོན་གྱིས་བྱུག་པར་བྱས་པས།  གེ་སར་རིག་གནས་ཀྱིས་ས་འདིའི་མང་ཚོགས་ཀྱི་རུས་པའི་རྐང་རིམ་སིམ་པར་བྱས་ཡོད།  དེར་མ་ཟད་པདྨ་རྫོང་ནི་མགོ་ལོག་ཁག་གསུམ་སྟེ།   དབང་ཆེན་འབུམ་དང་ཨ་སྐྱོང་འབུམ།  པདྨ་འབུམ་བཅས་ཀྱི་ཕ་ས་ཡིན་པས།      གནས་འདི་རུ་དཔའ་བོའི་སྣང་བརྙན་མཚོན་པའི་ངག་རྒྱུན་དང་གཏམ་རྒྱུད་མང་སྟེ།  བཙན་པོ་གཉའ་ནས་མནོན་ཞིང་གཉོམ་ཆུང་ཐབས་ཀྱིས་སྐྱོང་ལ།  ལྗོངས་ཆེན་པོར་བཀའ་གསུང་བཙན་པོས་ཟིལ་གྱིས་མནན་པའི་མགོ་ལོག་ནག་ཐར་གྱི་མཚན་སྙན་ཀུན་ན་གྲགས་ཤིང་།  ཕ་གཞིས་དྲོན་མོ་བསྐྱངས་བའི་རྣམ་ཐར་ཕྱོགས་བཅུར་ཁྱབ།  ཆོས་ལུགས་གྲུབ་མཐའ་སྣ་ཚོགས་དར་ཁྱབ་ཆེ་ལ།  གང་ས་གང་དུ་རྡོའི་མ་ཎིའི་རི་བོ་དང་སྨོན་འགྲུབ་མཆོད་རྟེན་གཙོ་བྱས་པའི་མཆོད་རྟེན་གྱི་རི་ཚོགས་མང་པོ་མཐོང་ཐུབ།  གནས་འདིའི་རི་ལུང་ཐམས་ཅད་མ་ཎི་ཡིག་དྲུག་གིས་ཁེངས་ཤིང་།  དར་ལྕོག་ཁྲི་ཕྲག་མང་བོ་ལྷབ་ལྷུབ་ཏུ་གཡོ་བ་མཐོང་ཚེ།  འདི་ནི་སངས་རྒྱས་ཆོས་ལུགས་ཀྱི་ཕ་ས་རེད་ཅེས་མི་བརྗོད་མཁན་གཅིག་ཀྱང་མི་འདུག  ཡུལ་འདིའི་མང་ཚོགས་ཐམས་ཅད་སངས་རྒྱས་ཆོས་ལུགས་ལ་ཤིན་ཏུ་དད་པས་རང་བཞིན་གྱིས་གཤིས་རྒྱུད་འཇམ་ཞིང་བྱམས་སེམས་ལྡན་པ་མ་ཟད།  ཁ་རྒན་གཞོན་ཀུན་གྱིས་མ་ཎིའི་ཁ་འདོན་རྒྱུན་ཆད་མེད་པར་དབྱངས་སུ་གྱེར་བཞིན་འདུག  གནས་འདིར་མཐུ་རྩལ་གློག་ལས་མྱུར་བའི་ཡུལ་ལྷ་གཡུང་དྲུང་ལྕགས་རྩེ་དང་བཀྲ་ཤིས་སྒོ་མང་།  དཔལ་རི་བློའི་བསླང་ལྕགས་རི་འོད་འབར་སོགས་གནས་འགངས་ཆེན་མང་པོ་ཡོད་ལ།  ཨ་སྐྱོང་དགོན་དང་གྲུབ་ཆེན་དགོན་སོགས་ལོ་རྒྱུས་རྒྱུན་རིང་ཞིང་མིང་དུ་གྲགས་པའི་དགོན་པ་ཉེར་གསུམ་ཡོད་པ་དེ་དག་ལས།  འཁྲུངས་མ་ཐག་ནས་ཡིག་དྲུག་དང་རྡོར་གཅོད་སྙིང་བོ་ལྷུག་པར་གསུང་ཞིང་།  ཐང་གའི་བཟོ་རྩལ་འཛམ་གླིང་ཀུན་ན་གྲགས་པའི་ཀརྨ་པ་སྐུ་ཕྲེང་བཅུ་བ་ཆོས་དབྱིངས་རྡོ་རྗེ་དང་བཅུ་གཅིག་པ་ཡི་ཤེས་རྡོ་རྗེ།  ལྷ་སྲིན་སྡེ་བརྒྱད་མང་པོ་དམ་ལ་བཏགས་ཤིང་གནས་ཆེན་མང་པོའི་སྒོ་ཕྱེ་ལ།  གཏེར་སྦས་འདོན་ལ་སོགས་རྫུ་འཕྲུལ་གྱི་བཀོད་པ་བསམ་གྱི་མི་ཁྱབ་པའི་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་དང་།  འོད་དཔག་མེད་ཀྱི་མྱུར་ལམ་གྱི་སྒོ་ནས་འགྲོ་བ་འབུམ་ཐེར་དུ་མ་བདེ་བ་ཅན་དུ་འདྲེན་པའི་ལུང་བསྟན་དོན་ཐོག་ཏུ་འཁྱོལ་བ་གཏེར་ཟས་རྡོ་རྗེ་དགྲ་འདུལ།  ཟབ་གསང་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང་མདོ་སྨད་བླ་སྤྲུལ་ཆེ་དགུ་ཀུན་གྱི་སློབ་དཔོན་མཛད་པའི་མགར་ཀློང་གཏེར་ཆེན་རིན་པོ་ཆེ་པདྨ་བདུད་འདུལ་དབང་ཕྱུག་གླིང་བ།  རྒྱལ་དབང་ཨོ་རྒྱན་ཆེན་པོ་དང་བདེ་ཆེན་མཁའ་འགྲོ་མཚོ་རྒྱལ་སོགས་ཀྱི་ཞལ་གཟིགས་ཤིང་།  སངས་རྒྱས་རྣམ་པར་གཟིགས་དང་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ལུང་བསྟན་མཉེས་བའི་ཨ་པང་གཏེར་སྟོན་དཔའ་བོ་ཆོས་དབྱིངས་རྡོ་རྗེ།  མདོ་ཁམས་མཁས་གྲུབ་ཡོངས་ཀྱིས་གཙུག་ཏུ་བཀུར་ཞིང་ཟབ་གཏེར་གྱི་ཆོས་བདག་ཏུ་བསྔགས་པའི་གླིང་སྤྲུལ་པདྨ་ལུང་རྟོགས་རྒྱ་མཚོ།  བོད་མི་བུ་གདོང་དྲུག་གི་རུས་མཛོད་རྒྱས་པ་པདྨ་དཀར་པོའི་སྐྱེལ་ཚལ་ཐུགས་ཀྱིས་བཞེས་པའི་ལྔ་རིག་སྨྲ་བའི་དབང་བོ་གྱི་ལུང་ཐུགས་མཆོག་རྡོ་རྗེ།  རིག་འཛིན་ཧྰུྃ་ཆེན་ཀ་ར་མཁའ་འགྲོ་མ་དབང་གི་རྒྱལ་མོ་སོགས་ཀྱིས་ལུང་བསྟན་ཐོབ་པའི་རྒྱལ་དབང་ཨོ་རྒྱན་གཉིས་པ་སྒེས་གཏེར་ཁྲག་འཐུང་བདུད་འཇོམས་གླིང་བ།  གཏེར་སྟོན་རང་ཤར་རྡོ་རྗེའི་རྫོགས་ཆེན་ཀུན་བཟང་དགོངས་རྒྱན་དང་མཆོག་གཏེར་པདྨ་དབང་ཆེན་གྱི་རྡོ་རྗེ་ཕུར་བུའི་ཆོས་བདག་ཏུ་ལུང་བསྟན་པའི་དབང་མདའི་གྱང་སྤྲུལ་དོན་གྲུབ་རྡོ་རྗེ།སྙན་པའི་གྲགས་པ་འཛམ་གླིང་ཀུན་ན་ཁྱབ་ཅིང་།  མཁའ་ཁྱབ་འགྲོ་བ་ཡོངས་ལ་ཐུགས་རྗེའི་འོད་ཀྱིས་སྤྲོས་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་བོ།  སྙིགས་དུས་བསྟན་པའི་གསལ་བྱེད་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས།  འཇམ་དཔལ་གཤིན་རྗེའི་དགྱེས་ཞལ་གཟིགས་ཤིང་།  རིག་འཛིན་པདྨ་ཐོད་ཕྲེང་རྩལ་གྱིས་བྱིན་གྱིས་རླབས་ལ།  མ་ཅིག་རྡོ་རྗེ་ཕག་མོས་དངོས་གྲུབ་གནང་བ།  རང་སྣང་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་རང་དབང་ཐོབ་པ།  མི་ཤིགས་དགོངས་པའི་གཏད་རྒྱ་རྣམ་པར་སད་དེ་ཟབ་གཏེར་ལ་མངའ་དབང་འབྱོར་ཞིང་ཀུན་བཟང་འོད་གསལ་ཐུགས་ཀྱི་བསྟན་པ་གསལ་བར་བྱེད་པའི་ཀློང་ཆེན་ནམ་མཁའི་རྣམ་འབྱོར་བ།  ཆོས་རྗེ་མཚུངས་མེད་གྲུབ་པའི་དབང་ཕྱུག་རྡོ་གྲུབ་ཆེན་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་འོད་ཟེར།  ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་གཞུང་དང་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ལ་རྣམ་པར་རོལ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་རྡོ་གྲུབ་བསྟན་པའི་ཉི་མ།  རྒྱལ་དབང་པདྨ་ཀ་ར་སོགས་རྩ་གསུམ་རྒྱ་མཚོའི་ཞལ་གཟིགས་ཤིང་།  མཚོ་རྒྱལ་སྒྲུབ་སྐོར་གྱི་ཆོས་བདག་མཆོག་ཏུ་མངའ་གསོལ་བའི་རྒྱལ་ཡུམ་རྡོ་རྗེ་ཕག་མོའི་རོལ་གར་ཨ་པང་མཁའ་འགྲོ་ཏ་རེ་ལྷ་མོ།    ཤར་ནས་རྡོ་རྗེའི་མིང་ཅན་འབྱུངཿ  རིག་འཛིན་གསང་བའི་ཟབ་ཆོས་འཛིནཿ  ཞེས་སྔོན་བྱོན་གཏེར་ཆེན་དུ་མའི་ལུང་གིས་བསྟན་པའི་དགོན་པ་གཏེར་སྟོན་ཆོས་ཀྱི་རྡོ་རྗེ།  སློབ་དཔོན་བྲ་བྷ་ཧ་སྟི་དང་ལོ་ཆེན་བེ་རོ་ཙ་ན་ཟུང་འཇུག་གི་རྣམ་རོལ་སྒྱེ་བྲོས་དཔོན་པོ་བསམ་འགྲུབ་རྡོ་རྗེ་སོགས་མདོ་དབུས་ཁམས་གསུམ་ལ་མིང་དུ་གྲགས་པའི་མཁས་མཆོག་དམ་པ་མང་པོ་འཁྲུངས་ཤིང་།  དེ་དག་གི་གསུང་རབ་ཟབ་ཆོས་རི་བོ་ལྟར་བརྩིགས་ཡོད་པས་ཕྱོགས་བཞི་མཚམས་བརྒྱད་ཀྱི་དད་ལྡན་མང་པོ་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་རྒྱུན་མི་ཆད་པར་གནས་འདིར་ཕེབས་ཏེ་རང་ཉིད་ཀྱི་འདོད་དོན་འགྲུབ་པར་བྱེད།

༣  དམར་དམག་རྒྱང་བསྐྱོད་ལ་རྒྱབ་སྐྱོར་བྱས་པའི་རྒྱལ་གཅེས་རིང་ལུགས་ཀྱི་བླ་མེད་སྤྱོད་བཟང་གི་ལོ་ཟླ།

པདྨ་རྫོང་ནི་མཚོ་སྔོན་ཞིང་ཆེན་མངའ་ཁོངས་སུ་དམར་དམག་རྒྱང་བསྐྱོད་བྱེད་མྱོང་བའི་ས་ཁུལ་གཅིག་པུ་ཡིན་ཏེ།  1936ལོའི་ཟླ་དྲུག་པའི་ཟླ་མཇུག་ལ་དཀར་མཛེས་གྲོས་ཚོགས་གྲོལ་རྗེས་དམག་དཔུང་ཅུན་ཁག་གཉིས་པའི་ཐོན་དྲུག་པ་དང་།  དམག་དཔུང་ཅུན་ཁག་སོ་གཉིས་པ་ཟླ་བདུན་པའི་ཚེས་དགུ་ཉིན་འཛི་ཆུང་བརྒྱུད་དེ་པདྨ་རྫོང་ལ་སླེབས་ཤིང་།  རང་རེའི་རྫོང་གི་མངའ་ཁོངས་སུ་ཉིན་ཉེར་གཅིག་རིང་དུ་བསྡད་དེ་འབྲུ་རིགས་སོགས་གྲབས་གསོག་བྱས་ལ།  སྐབས་དེར་རྒྱལ་གཅེས་རིང་ལུགས་པ་པདྨའི་མང་ཚོགས་ཀྱིས་རོགས་རམ་དང་རྒྱབ་སྐྱོར་བྱས་པ་མ་ཟད།  དམར་དམག་གི་བླ་མེད་སྤྱོད་བཟང་གིས་ཁོ་ཚོར་སེམས་འགུལ་ཐེབས་སུ་བཅུག  དམར་དམག་གིས་བྱང་སྐྱོད་ཀྱི་རྒྱལ་ཡོངས་རི་འགོག་ཅིང་རྒོལ་འཐབ་རྩོད་བྱེད་པ་དང་ལེན་བྱེད་དགོས་ཞེས་པའི་ཡིག་འབྲུ་འདི་དག་ཡར་ཐང་འཛི་མདོའི་བྲག་ངོས་སུ་བྲིས་པས་རྗེས་སུ་མང་ཚོགས་ཀྱིས་དྲན་གསོ་བྱེད་ཆེད་དམར་དམག་ལུང་བ་ཞེས་མིང་བཏགས་པ་དང་།  དམར་དམག་བརྒལ་མྱོང་བའི་ཟམ་པ་དེར་དམར་དམག་ཟམ་པ་ཞེས་མིང་བཏགས་ཡོད་པས།  པདྨ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་གསར་བརྗེའི་གནས་རྙིང་ས་ཁུལ་གྱི་ཡུལ་སྐོར་བྱེད་སའི་གནས་མཆོག་ཅིག་ཡིན་པས།  ཀྲུང་གུང་མཚོ་སྔོན་ཞིང་ཏང་ཨུའི་ཏང་གི་སློབ་གྲྭ་དང་མཚོ་སྔོན་ཞིང་ཆེན་སྲིད་འཛིན་སློབ་གླིང་།  མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་བཅས་ཀྱིས་རྒྱལ་གཅེས་རིང་ལུགས་སློབ་གསོ་ལག་ལེན་རྟེན་གཞིའི་སྒོ་བྱང་བཀལ་བ་མ་ཟད།  ཨ་སྐྱོང་དགོན་དང་རྒྱུད་སྡེ་དགོན་པའི་མཛེས་ལྗོངས་ལ་རྒྱལ་ཁབ་རིམ་པའིAAAགྱི་ཡུལ་སྐོར་མཛེས་ལྗོངས་ཀྱི་མཚན་སྙན་གནང་བས།  གནས་འདིའི་རི་ལུང་ཐང་གསུམ་དང་ནགས་ཆུ་རྩྭ་གསུམ།  རོང་འབྲོག་མང་ཚོགས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོའི་ཡིད་སེམས་རབ་ཏུ་བཀུག་སྟེ།  གནས་འདིར་སླེབས་ཚེ་ཕྱིར་འགྲོ་འདོད་མེད་པར་ཀུན་གྱི་ཡིད་སྨོན་འཆོར་བཞིན་འདུག  ངོ་མ་པདྨ་རྫོང་ནི་འཇིག་རྟེན་གྱི་ལྷའི་ཞིང་ཁམས་ཞེས་བརྗོད་ན་དོན་དངོས་དང་མཐུན་པ་ཞིག་རེད།  ལྷག་པར་དུ་དེང་སྐབས་ཏང་གི་སྲིད་ཇུས་བཟང་བོའི་འོག་གནས་འདིའི་དཔལ་འབྱོར་དང་རིག་གནས།  འཛུགས་སྐྲུན་སོགས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་ལ།   རིམ་པ་སོ་སོའི་ཏང་ཨུའི་རྒྱབ་སྐྱོར་འོག་སྐབས་གསར་བའི་སྲིད་གཞུང་འགོ་ཁྲིད་རིམ་པས་པདྨའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་དམིགས་ཏེ།  ཁ་དོག་གསུམ་ལྡན་གྱི་མཛེས་སྡུག་པདྨ་འཛུགས་སྐྲུན་བྱེད་རྒྱུའི་འཕེལ་རྒྱས་དམིགས་འབེན་གཏན་འཁེལ་བྱས་བས།  མི་འགྱངས་བར་པདྨ་རྫོང་ནི་མཚོ་བོད་མཐོ་སྒང་ན་བཀྲག་མདངས་རབ་ཏུ་འཚེར་བའི་མུ་ཏིག་ལྟ་བུ་ཞིག་ཏུ་འགྱུར་བར་གདོན་མི་ཟ་ཞིང་།   མི་རིགས་སློབ་གསོའི་ལས་དོན་དབྱར་མཚོ་རྒྱས་བ་བཞིན་འཕེལ་རྒྱས་སུ་འགྲོ་བ་དང་།  གྲོང་དང་གྲོང་བརྡལ་འཛུགས་སྐྲུན་གྱིས་དྲི་ཟའི་གྲོང་ལ་སྐྱེངས་བ་སྟེར་ངེས།  གནས་འདིའི་ཡུལ་སྲོལ་གོམས་གཤིས་དང་དམངས་སྲོལ།  ཆོས་ལུགས་ཀྱི་ཆོ་གམི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་བཀོད་སོགས་ཡུལ་གཞན་ཀུན་དང་ཐུན་མོང་མ་ཡིན་པའི་ཆ་ཤིན་ཏུ་མང་བས།  ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོར་འབོད་པའི་གཡབ་མོ་བྱེད་བཞིན་འཛུམ་མདངས་དང་ཁ་བཏགས་དཀར་བོས་བསུ་བ་བྱེད་ལ།  ཤ་མར་ཐུད་གསུམ་དང་ནས་ཆང་སྔོན་མོས་མགྲོན་ཁ་བྱེད་པར་སྒུག་འདུག   ཞེས་པདྨ་མཐོང་བ་ཀུན་སྨོན་ལ་བསྔགས་པ་འདི་ལྟར།

སྲིད་པའི་གངས་རྒན་རྨ་རྒྱལ་ཡུལ་དུ་ལྷུན་པོའི་ཚོགས་ཀྱིས་དབུ་འཕང་དགོང་ལ་བསྙེག།  

གདོད་མའི་ནགས་ཀློང་ཁྲོད་ན་གཅན་གཟན་རི་དྭགས་རྩེན་པའི་གནས་མཆོག་ཡངས་པོ་འདིའི༎

མཛེས་པ་མཐོང་ནས་ས་ཆེན་རྔམ་ཞིང་འགྲམ་ཆུ་ལྡང་བའི་གཙང་ཆབ་ལྷུང་ལྷུང་བཞུར༎  

སྣ་ཚོགས་གཏེར་གྱིས་ཕྱུག་པས་ཀླུ་རྒྱལ་དང་ནི་ནོར་ལྷའི་ཚོགས་ལ་སྐྱེངས་བ་སྟེར༎

ཨེ་མ་ཕ་ཡུལ་པདྨས་ས་གསུམ་མཛེས་པ་འཕྲོག་པར་བསྟོད་པའི་གླུ་ཚིག་གྱེར༎

 

སྐྱེས་ཆེན་གང་གི་གདུང་རྒྱུད་གཡུ་རྩེར་བལྟམས་པའི་ངོ་མཚར་གཏམ་གྱིས་དགའ་སྟོན་འགྱེད༎

ཁག་གསུམ་མགོ་ལོག་མི་ཡིས་ཕ་གཞིས་དྲོན་མོ་བསྐྱངས་བའི་རྣམ་ཐར་འདི་ན་མཛེས༎

ཀ་དཔལ་རྫོགས་གསུམ་གྲུབ་མཐས་བསྐྱངས་བའི་རིགས་དྲུག་ཚོཊ་རྣམས་མ་བུའི་འདང་ལྟར་བརྩེ༎

ཆབ་དཔལ་རིག་གསུམ་པདྨའི་འདབས་མ་རྒྱས་ཤིང་ཕྱོགས་བཞིའི་རྐང་དྲུག་མགྲོན་དུ་འབོད༎

ཨེ་མ་ཕ་ཡུལ་པདྨས་ས་གསུམ་མཛེས་པ་འཕྲོག་པར་བསྟོད་པའི་གླུ་ཚིག་གྱེར༎

 

དམར་དམག་རྒྱང་བསྐྱོད་གསར་བརྗེའི་དགའ་མ་གནས་འདིའི་འཛིན་མའི་ཕང་བར་འཁྱུད་དང་ལྷན༎

མེས་རྒྱལ་མཛའ་བོས་ཁྱིམ་གཞིས་སྐྱོང་བའི་དོན་ཆེན་སྒྲུབ་རྒྱུའི་སྙིང་གཏམ་ལྷུག་པར་གསུང་༎

བརྩེ་དུང་སེམས་ཀྱི་རི་མོ་མི་འགྱུར་བྲག་ལ་ཕབ་པའི་གསེར་བྲིས་ཡིག་ཆེན་ལས༎

དམར་དམག་ལུང་བ་ཞེས་པའི་སྙན་གྲགས་ཕྱོགས་བཅུར་རྒྱས་ཤིང་མགྲོན་པོའི་ཡིད་སེམས་བཀུག།

ཨེ་མ་ཕ་ཡུལ་པདྨས་ས་གསུམ་མཛེས་པ་འཕྲོག་པར་བསྟོད་པའི་གླུ་ཚིག་གྱེར༎

 

ཕ་མེས་སྲོལ་རྒྱུན་མ་ཉམས་གྲོང་ངེར་འགྱིངས་བའི་གནའ་རབས་བོད་ཁྱིམ་ཁང་བཟང་དང་༎

སུམ་རྩེན་ས་ལ་འཕོས་འདྲའི་གྲོང་དང་གྲོང་གསེབ་མཐོ་སྒང་འདི་ཡི་རྒྱན་དུ་སྤྲས༎

དེང་རབས་ཚན་རྩལ་བུ་མོ་བག་མར་བསུ་བའི་འགྲིམ་འགྲུལ་ལ་སོགས་སྣ་མང་ལས་ལ་བྲེལ༎

ལང་ཚོས་སྙེམས་པའི་གནའ་གྲོང་འདི་ཡིས་ཁྱོ་བོ་བྱེད་པའི་འདུན་པ་རིང་དུ་བསྲིང་༎

ཨེ་མ་ཕ་ཡུལ་པདྨས་ས་གསུམ་མཛེས་པ་འཕྲོག་པར་བསྟོད་པའི་གླུ་ཚིག་གྱེར༎

 

སྲིད་ཇུས་བཟང་བོས་འོད་ཟེར་ཕྱོགས་བཅུར་འགྱེད་བཞིན་ལྗོངས་འདིར་ལྟད་མོར་སླེབས་པའི་ཚེ༎

སློབ་གསོ་ལ་སོགས་ལས་རིགས་སྣ་བརྒྱའི་མེ་ཏོག་ལྷམ་མེར་བཞད་པས་བསུང་ཞིམ་འཐུལ༎

ཅན་བཞིའི་ལས་ལ་འབད་པའི་རོང་འབྲོག་མང་ཚོགས་དགའ་བའི་འཛུམ་གྱིས་བསུ་བ་བྱེད༎

ཕྱུར་བུར་གཏམས་པའི་མར་ཆུར་དང་ནི་ལྡེམ་ལྡེམ་སྙེ་མ་རྒྱང་རིང་མགྲོན་པོར་སྐྱེས་སུ་འབུལ༎

ཨེ་མ་ཕ་ཡུལ་པདྨས་ས་གསུམ་མཛེས་པ་འཕྲོག་པར་བསྟོད་པའི་གླུ་ཚིག་གྱེར༎

 

 

                       རྫོང་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་།  ཆོས་ལོ།

 

 

 

 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· པདྨ་རྫོང་གི་དམར་དམག་རྒྱང་སྐྱོད 2019/8/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།